༢༠༡༠ ཟླ་ ༩ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༡༤ ཉིན་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་འཐུས་མི་རྒྱལ་སྲས་མན་གྷོ་སུ་ཐུ་བྷུ་ཐུ་ལེ་ཛི་ (Mangosuthu Buthelezi) མཆོག་དང་སྐུ་ཞབས་མཱ་རིའོ་ཨམ་བྷོ་རིའོ་སི་ནི་ (Dr. Mario Ambriosini) མཆོག སྐུ་ཞབས་སན་ཊོ་ཤི་བི་ནི་ཏཱ་ཀལ་ཡཱན་ (Ms.Santosh Vinita Kalyan) བཅས་ཁོང་གསུམ་ནས་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་ནང་བོད་དོན་གླེང་བར་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་ཀྱི་ཚབ་ཞུས་ཏེ་ཁོང་རྣམ་པར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་ནང་འཁོད་དོན།
ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་ནང་སྐུ་ཉིད་ཀྱིས་དབུ་ཁྲིད་འོག་གྲོས་ཚོགས་འཐུས་མི་ ༨༠ ཙམ་གྱིས་གྲོས་ཚོགས་ནང་དཔེ་གསར་ཐབས་ལམ་ནས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་བཏོན་པའི་ཐོག་བོད་དོན་གླེང་བར་གུས་པ་གྲོས་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་ནས་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྐུ་ཉིད་ཉེ་ལམ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་བཙན་བྱོལ་ནང་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༠ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་བའི་མཛད་སྒོར་ལྷན་ཞུགས་གནང་རྗེས་བོད་དོན་རྒྱབ་སྐྱོར་གྱི་ཆོད་སེམས་ཆེར་བསྐྱེད་ཐོག་སྐུ་ཉིད་ནས་གྲོས་ཚོགས་ནང་བོད་ཀྱི་གནད་དོན་གླེང་སློང་གནང་ཕྱོགས་དང་ནང་དོན་བརྗོད་བྱ་གང་ཅིའི་ཐད་ང་ཚོས་རྗེས་སུ་ཡི་རང་ཞུ་རྒྱུ་མ་ཟད། ང་ཚོར་བློ་སྤོབས་སྐྱེ་གཞི་ཞིག་ཏུ་གྱུར་ཡོད། མ་འོངས་པར་བོད་ཀྱི་གནད་དོན་སེལ་རྒྱུར་སྲ་བརྟན་དང་དོན་ཕན་ལྡན་པའི་ཐབས་ལམ་ཞིག་འཚོལ་གྲུབ་གནང་རྒྱུར་སྐུ་ཉིད་ནས་འབད་བརྩོན་མུ་མཐུད་གནང་གི་ཡོད་པ་ང་ཚོས་རེ་བ་ཞུ་བཞིན་ཡོད། ཅེས་སོགས་འཁོད་ཡོད།