༢༠༡༧ ཟླ་ ༡ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །འདི་གི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ནས་ས་གནས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ནས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་འཁོར་ལོའི་དབང་ཆེན་ཐེངས་ ༣༤ གོ་སྒྲིག་དང་བསྟུན། སྤྱི་ཚོགས་ཞབས་ཞུ་བ་དང་། ཚོང་ལས་འདྲ་མིན་གཉེར་མཁན་སོགས་མང་ཚོགས་ཆིག་འབུམ་བརྒལ་བ་འབྱོར་ཡོད།
དེ་ཡང་ཟླ་འདིའི་ཚེས་ ༤ ཉིན་དུས་དབང་སྐབས གཞུང་འབྲེལ་མིན་པའི་ཚོགས་པའི་ཁྲོད་སྤྱི་ཚོགས་ཞབས་ཞུ་རྒྱ་ཆེ་ཞུ་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་སུ་གཞོན་ནུ་ལྷན་ཚོགས་ངོས་ནས་སྤྱི་ཚོགས་ཞབས་ཞུའི་ལས་དོན་གང་དང་གང་སྤེལ་བཞིན་ཡོད་སྐོར་བཅར་འདྲི་ཞུས་པར་ཁོང་གིས་གསུང་དོན།
ཐེངས་འདིའི་དུས་འཁོར་དབང་ཆེན་ལ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྣེ་ཁྲིད་འོག ས་གནས་གཞོན་ནུ་དང་མཐོ་སློབ་ཁག་འདྲ་མིན་ནས་དུས་དབང་དུ་བཅར་བའི་ཆོས་ཞུ་བ་རྣམས་ལ་དང་བླངས་ཞབས་ཞུའི་ཆེད། ཁྱོན་མི་གྲངས་ ༢༥༠ ཙམ་ཕེབས་ཡོད་པ་རྣམས་གསལ་བསྒྲགས་ཁང་དང་། ཛ་དྲག་སྡེ་ཚན། འགྲིམ་འགྲུལ་འབབ་ཚུགས། མི་མང་སྡོད་གུར་སྲུང་སྐྱོབ། རྒན་རྒོན་དང་ཉམ་ཐག་རྣམས་ལ་རམ་འདེགས་སོགས་སྡེ་ཚན་ཁག་དགུར་བགོས་ཏེ་ཞབས་ཞུ་སྒྲུབ་བཞིན་ཡོད།
༡༽ གསལ་བསྒྲགས་ཁང་དུ། གསུང་ཆོས་རྭ་བའི་ཉེ་འཁྲིས་དང་མ་གྷ་ད་གཙུག་ལག་སློབ་གཉེར་ཁང་གི་གླིང་གར་མི་མང་སྡོད་གུར་ཡོད་སར་གསལ་བསྒྲགས་ཁང་རེ་བཙུགས་ནས་དང་བླངས་ཞབས་ཞུ་བ་ཁྱོན་གྲངས་ ༡༥ ཆ་བགོས་བྱས་ཡོད། དེ་གར་གཙོ་བོ་གསུང་ཆོས་ཀྱི་མཛད་རིམ་དང་ཆོས་ཞུ་བ་མི་མང་གི་གལ་ཆེའི་གསལ་བསྒྲགས། བོར་བརླག་སོང་བ་དང་རྙེད་གསོན་བྱུང་བའི་དངོས་པོའི་རིགས་དོ་བདག་སོ་སོར་འཕྲོད་ཐབས་ཆེད་གསལ་བསྒྲགས། མི་མང་གི་འཕྲོད་བསྟེན་དང་བདེ་
འཇགས་སོགས་ལ་ཡིད་གཟབ་དགོས་པ་སོགས་ཀྱི་གསལ་བསྒྲགས་བྱེད་བཞིན་ཡོད། གསལ་བསྒྲགས་རྣམས་སྐད་རིགས་འདྲ་མིན་ཁག་བརྒྱད་ཀྱི་ཐོག་སྤེལ་བཞིན་ཡོད། སྐད་ཡིག་དེ་དག་ནི། ཨིན་སྐད་དང་། བོད་སྐད། ཧིན་སྐད། རྒྱ་སྐད། བལ་པོའི་སྐད། མོན་པའི་སྐད། ལ་དྭགས་ཀྱི་སྐད། འབྲུག་པའི་སྐད་བཅས་ཡིན།
༢༽ ཛ་དྲག་སྡེ་ཚན། ཆོས་ཞུ་བ་སུ་འདྲ་ཞིག་ལ་ཛ་དྲག་གི་རོགས་རམ་དགོས་ཚེ་ཉིན་མཚན་མེད་པར་རོགས་རམ་དང་། སྡེ་ཚན་འདིའི་འོག་མི་མང་སྤྱི་དང་ལྷག་པར་དུ་དཀའ་ངལ་འཕྲད་མཁན་གྱི་ནད་པ་སོགས་ལ་རོགས་རམ་བྱེད་བཞིན་ཡོད།
༣༽ འཁོར་ལྡན་ཞབས་སྟེགས་ཀྱི་མཐུན་རྐྱེན། གསལ་བསྒྲགས་ཁང་ཨ་མར་འཁོར་ལྡན་ཞབས་སྟེགས་ ༡༠ ཡོད་པས། རྒན་རྒོན་དང་དགོས་མཁོ་ཅན་གྱི་ཆོས་ཞུ་བ་རྣམས་ལ་གསུང་ཆོས་ར་བའི་བར་བསྐྱལ་རྒྱུའི་རོགས་རམ་སོགས་སྒྲུབ་བཞིན་ཡོད།
༤༽ སྨན་བཅོས་རུ་ཁག་ཁོངས་སུ་སྨན་ཞབས་པ་གཉིས་ཡོད། ཆོས་ཞུ་བ་ནད་པ་ཛ་དྲག་རིགས་བྱུང་སྟེ་ས་གནས་སྨན་ཁང་ཆེ་སར་འགྲོ་མཁན་རྣམས་ལ་སྐད་སྒྱུར་སོགས་ཀྱི་རོགས་རམ་ཞུ་བཞིན་ཡོད།
༥༽ འགྲིམ་འགྲུལ་འབབ་ཚུགས་ཁག་ལ་རམ་འདེགས། གྷ་ཡ་དང་པ་ཊི་ན་མེ་འཁོར་འབབ་ཚུགས་བཅས་སུ་ཆོས་ཞུ་བ་རྣམས་ལ་ལམ་ནོར་དང་བོར་བརླག་མི་ཡོང་བ། ཧིན་སྐད་མི་ཤེས་མཁན་རྣམས་ལ་སྐད་སྒྱུར། དེ་བཞིན་ལོ་མཐོ་ཞིང་རོགས་པ་མེད་པའི་རིགས་ལ་རོགས་པ་དང་སྣེ་ལེན། འབབ་ཚུགས་ནས་རྡོ་རྗེ་གདན་སོགས་ཀྱི་ས་གནས་ཁག་གི་རླངས་འཁོར་གླ་རྒྱུའི་རོགས་རམ། དེ་བཞིན་པ་ཊི་ནའི་གནམ་ཐང་བཅས་སུ་ཆོས་ཞུ་བར་རམ་འདེགས་ཞུ་བཞིན་ཡོད།
༦༽ མི་མང་སྡོད་གུར་སྲུང་སྐྱོབ། མི་མང་སྡོད་གུར་དུ་ཆོས་ཞུ་བ་རྣམས་ཉིན་མོར་གསུང་ཆོས་སུ་བསྐྱོད་སྐབས་དང་། དེ་བཞིན་མཚན་ལ་ཡང་དང་བླངས་བ་རྣམས་ཀྱིས་སྲུང་སྐྱོབ་བྱེད་བཞིན་ཡོད།
༧༽ སྣེ་ལེན་ཁང་དུ་བོད་ནས་གནས་མཇལ་དུ་ཕེབས་མཁན་ཚོར་རོགས་རམ། བོད་ནས་གསར་དུ་ཕེབས་མཁན་རྣམས་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ སྣེ་ལེན་ཁང་དུ་སྡོད་གནས་ཤིག་གོ་སྒྲིག་བྱས་ཡོད་པ་དེར་དང་བླངས་པ་ ༣༠ ལྷག་གཏན་སྡོད་ཀྱིས་སྡོད་གུར་སྲུང་སྐྱོབ་དང་། ཐོ་འགོད། སྐད་སྒྱུར་སོགས་ཀྱི་རོགས་རམ་གང་དགོས་རིགས་ཞུ་བཞིན་ཡོད།
༨༽ མཚུར་ཕུ་བླ་བྲང་གི་སྨོན་ལམ་ཚོགས་སར་རྒན་རྒོན་དང་ཉམ་ཐག་ལ་ཞབས་ཞུ། བོད་མིའི་སྒྲིག་འཛུགས་ཀྱི་སྦྱིན་བདག་བྱས་པའི་ཕྱོགས་མཐའ་ཁག་ནས་རྒན་རྒོན་དང་ཉམ་ཐག་ ༡༠༠༠ ལྷག་ཙམ་ལ་དང་བླངས་རམ་འདེགས་ཞུ་བཞིན་ཡོད།
༩༽ ཚེ་འདས་རིགས་ལ་རོགས་རམ། དུས་དབང་སྐབས་མི་འདས་གྲོངས་སུ་གྱུར་བ་རིགས་བྱུང་ཚེ། དོ་བདག་དེའི་ནང་མིའི་རེ་འདོད་ལྟར་སྐུ་ཕུང་ཞུགས་འབུལ་སོགས་ཀྱི་རོགས་རམ་ཞུ་རྒྱུ་ཡིན། ཞེས་གསུངས།།