༢༠༡༧ ཟླ་ ༡ ཚེས་ ༣ རེས་གཟའ་མིག་དམར།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གསར་པ་སྐུ་ཞབས་ཨེན་ཊོ་ནིའོ་གུ་ཅེ་ར་སི་ Antonio Guterres མཆོག་གི་མཚན་ཐོག་ལ་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་དེ་དག་ལག་བསྟར་རྒྱུན་སྐྱོང་ཡོང་བའི་འབོད་སྐུལ་ཞུ་སྙན་ཞིག་ཕུལ་འདུག་པ་དེའི་ནང་འཁོད་དོན། རྒྱ་ནག་གཞུང་གིས་འདས་པའི་མི་ལོ་ ༦༦ རིང་བོད་ས་དབང་བསྒྱུར་བྱས་ནས་བོད་དེ་ཞིང་བྲན་ལམ་ལུགས་སོགས་ནས་བཅིང་བཀྲོལ་བཏང་ཚུལ་དང་འཛུགས་སྐྲུན་ཡར་རྒྱས་ཀྱི་ལས་གཞི་ཧ་ཅང་བཏང་ཡོད་སྐོར་སོགས་དྲིལ་བསྒྲགས་བྱེད་བཞིན་ཡོད་ཀྱང་། དོན་དངོས་ནི་བོད་ནང་ཆབ་སྲིད་ཀྱི་དམ་བསྒྲགས་ཤུགས་ཆེ་འོག་ཛ་དྲག་གི་གནས་སྟངས་མུ་མཐུད་གནས་བཞིན་པ་མ་ཟད། ཕྱི་ལོ་ ༢༠༠༩ ནས་བོད་མི་ ༡༤༥ རང་ལུས་མེར་སྲེག་བཏང་བ་བརྒྱུད་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་རྔམ་སྟོན་གནང་བ་དང་སྦྲགས། བོད་ལ་རང་དབང་དགོས་པ་དང་། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་དགོས་འདུན་སོགས་འདོན་བཞིན་ཡོད། དེར་བརྟེན་ང་ཚོས་སྐུ་ཉིད་མཆོག་གི་ལས་ཡུན་རིང་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཐོག་བོད་ཀྱི་གནད་དོན་གསལ་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ཅེས་འཁོད་འདུག
སྤྱིར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་བོད་དོན་ཐོག་སྔ་རྗེས་གྲོས་ཆོད་རིམ་པ་གསུམ་བཞག་ཡོད། དང་པོ་ནི། ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༡༠ ཚེས་ ༢༡ ཉིན་གྲོས་ཆོད་ཨང་ ༡༥༣ (XIV) བཞག་པ་དང་། དེ་རྗེས་ཕྱི་ལོ་ ༡༩༦༡ ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་གྲོས་ཆོད་ཨང་ ༡༧༢༣ (XVI) མཐའ་མ་དེ་ཕྱི་ལོ་ ༡༩༦༥ ཟླ་ ༡༢ ཚེས་ ༡༨ ཉིན་གྲོས་ཆོད་ཨང་ ༢༠༧༩ (XX) བཞག་འདུག །