ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༢ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོན་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་བླ་སྤྱི་རུ་ནང་པའི་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་མཐར་སོན་བྱུང་བའི་བཙུན་མ་རྣམས་ལ་དགེ་བཤེས་མའི་མཚན་རྟགས་ཀྱི་ཕྱག་འཁྱེར་གསོལ་རས་སྩལ་བའི་མཛད་སྒོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་ཚབ་ཞུས་ཏེ་དགེ་བཤེས་མའི་ཕྱག་འཁྱེར་བཞེས་མཁན་ཡོངས་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག་གསུང་བཤད་གནང་དོན། དགེ་བཤེས་མ་ཐོན་མཁན་ཉི་ཤུ་ཐམ་པ་ཐེངས་དང་པོ་ཆགས་ཀྱི་ཡོད་སྟབས། རྣམ་པ་ཚོས་སྐུ་ལས་བསྐྱོན་པའི་གྲུབ་འབྲས་ལ་བརྟེན་ནས་དགེ་བཤེས་མའི་ཕྱག་འཁྱེར་ཐོབ་བཞིན་ཡོད། འོན་ཀྱང་རྣམ་པ་ཚོ་དགེ་བཤེས་མ་ཐོན་མཁན་ཐེངས་དང་པོ་ཡིན་སྟབས། སྤྱི་དང་སྒེར་གང་སྤྱིའི་ཐོག་ནས་བྱས་རྗེས་ཧ་ཅང་ཆེན་པོ་ཞིག་རེད། སྐུ་ལས་བསྐྱོན་པའི་་གྲུབ་འབྲས་རེད། དེ་བཞིན་དགེ་བཤེས་མ་ཐོན་མཁན་ཐེངས་དང་པོ་ཡིན་སྟབས། དགེ་བཤེས་མ་ཚོར་འགན་འཁྲི་ཆེན་པོ་ཞིག་ཡོད་པ་མ་ཟད། སྤྱི་ཚོགས་ཀྱི་རེ་བ་རྒྱག་ས་ཞིག་ཀྱང་ཆགས་ཡོད། ད་བར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་གཞི་བཟུང་རྣམ་པ་ཚོར་དགེ་བཤེས་མའི་ཕྱག་འཁྱེར་ཐོབ་ཡོང་དུས་སྤྱི་ཡོངས་ནས་ཞིབ་འཇུག་དང་དོ་སྣང་བྱེད་མཁན་མང་བ་ཡོད་པར་བརྟེན། འགན་་འཁུར་ཡང་ཆེ་བ་ཡོད་པ་རྣམ་པ་ཚོ་ཚང་མས་མཁྱེན་གྱི་ཡོད་རེད་ལ་མཁྱེན་པ་གནང་རོགས། གཙོ་ཆེ་ཤོས་༧གོང་ས་མཆོག་གིས་ད་བར་བཀའ་སློབ་རིམ་པ་ཕེབས་པ་དེ་དག་ཡིད་ལ་བཅངས་པའི་ཐོག་ནས་ཕྱག་ལས་དང་བསླབ་པ་སློབ་གཉེར་གནང་རོགས། ཞེས་ཞུ་རྒྱུ་ཡིན།
སྤྱི་ཡོངས་ནས་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཞེས་ང་ཚོའི་སྤྱི་ཚོགས་ནང་བགྲོ་གླེང་མང་པོ་འགྲོ་བཞིན་ཡོད། དེའི་ཐོག་ལ་རིམ་པས་གཟིགས་པ་ཡིན་ནའང་༧གོང་ས་མཆོག་གིས་བཀའ་དགོངས་གཞི་བཟུང་སྤྱི་ཚོགས་ནང་བུད་མེད་ཀྱི་ནུས་སྟོབས་ཆེ་རུ་འགྲོ་གི་ཡོད་པ་ཧ་ཅང་གསལ་པོ་རེད། ཐོག་མར་ ༡༩༦༠ ལོར་ང་ཚོ་མང་གཙོ་ལམ་ལུགས་འགོ་འཛུགས་ཏེ་ཕྱི་ལོ་ ༡༩༦༣ ལོར་གྲོས་ཚོགས་ནང་དུའང་བུད་མེད་སྐུ་ཚབ་དགོས་ཀྱི་འདུག་ཅེས་བུད་མེད་ཀྱི་སྐུ་ཚབ་བྱུང་བ་རེད། ནུབ་ཕྱོགས་རྒྱལ་ཁབ་ནང་ཉེ་བའི་ཆར་ནས་བུད་མེད་ནུས་སྟོབས་ཐོག་ནས་ཚད་མཏོ་བོ་ཧ་ཅང་སླེབ་ཡོད་ཅེས་ཟེར་གྱི་ཡོད་རེད། ཕྱོགས་གཅིག་ནས་བདེན་པ་རེད། འོན་ཀྱང་ཕྱི་ལོ་ ༡༩༦༣ ལོར་ནུབ་ཕྱོགས་རྒྱལ་ཁབ་སུད་སིས་གཙོས་པའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་ནང་བུད་མེད་སྐུ་ཚབ་མེད། སྐབས་དེ་དུས་ང་ཚོ་བོད་པའི་སྤྱི་ཚོགས་ནང་བུད་མེད་སྐུ་ཚབ་ཡོད་པ་བྱུང་ཡོད། དེ་ལྟར་རིམ་བཞིན་ད་རེས་གྲོས་ཚོགས་ནང་ཆ་བཞག་པ་ཡིན་ན། བུད་མེད་ཀྱི་སྐུ་ཚབ་སྤྱི་འཐུས་བཅུ་གཅིག་ཡོད། བརྒྱ་ཆའི་ཐོག་ནས་བརྒྱ་ཆ་ཉི་ཤུ་ལྷག་ཡོད། ཨ་རི་ལྟ་བུ་ཆ་བཞག་པ་ཡིན་ནའང་། ཨ་རིའི་གྲོས་ཚོགས་ནང་བུད་མེད་སྐུ་ཚབ་བརྒྱ་ཆ་བཅུ་དགུ་ལས་མེད། དེར་བརྟེན་ཡར་ཐོན་ཅན་གྱི་རྒྱལ་ཁབ་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་བུད་མེད་ཀྱི་སྐུ་ཚབ་བརྒྱ་ཆ་བཅུ་དགུ་ལས་མེད་སྟབས། ང་ཚོའི་གྲོས་ཚོགས་ནང་བརྒྱ་ཆ་ཉི་ཤུ་ལྷག་ཡོད་པ་ནི། ༧གོང་ས་མཆོག་གིས་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད།
དེ་བཞིན་ཤེས་ཡོན་ཐོག་ནས་ཆ་བཞག་པ་ཡིན་ནའང་། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གྲངས་དང་བདུན་ཅུ་དོན་གྲངས། ལྷག་པར་དགུ་ཅུ་གོ་གྲངས་ནང་བཀའ་སློབ་རིམ་པ་ཕེབས་ཏེ་སྤྱི་ཚོགས་ནང་བུད་མེད་ཚོར་ཡིན་ནའང་སློབ་སྦྱོང་མཐར་ཕྱིན་པ་གནང་དགོས་ཀྱི་འདུགབཀའ་སློབ་རིམ་པར་པེབས་པར་བརྟེན་སྤྱི་ཚོགས་ནང་རང་བཞིན་གྱི་འགྱུར་བ་ཕྱིན་ཏེ་ཉེ་བའི་ཆར་ནས་དཔེར་ན། འཛིན་གྲྭ་བཅུ་གཉིས་ཐོན་མཁན་ནང་བུ་དང་བུ་མོ་གཉིས་ལས་བུ་མོའི་བརྒྱ་ཆ་མང་བ་ཡོད། ཕལ་ཆེར་བརྒྱ་ཆ་ ༥༢།༥༣ རེད། དེ་བཞིན་མཐོ་སློབ་འགྲོ་མཁན་ནང་བརྒྱ་ཆ་ ༥༣།༥༤ བུད་མེད་མང་བ་ཡོད། དེ་བཞིན་འབུམ་རམས་པ་བྱེད་མཁན་ནང་དུའང་བུད་མེད་མང་བ་ཆགས་ཡོད།
དེར་བརྟེན་སྤྱི་ཚོགས་སྤྱི་ཡོངས་ནང་ཕ་མ་དང་། ནང་མི་སྤུན་མཆེད་ཚང་མས་བུད་མེད་ནུས་སྟོབས་འཕེལ་རྒྱུར་ཤེས་ཡོན་ཐོག་དོ་སྣང་གནང་དགོས་འདུག ཅེས་༧གོང་ས་མཅོག་གིས་བཀའ་སློབ་རིམ་པ་ཕེབས་པ་གཞི་བཟུང་སྤྱི་ཚོགས་ནང་དུའང་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་ཡོད། དེ་བཞིན་སྲི་ཞུ་བ་ལས་བྱེད་ནང་དུའང་དེ་སྔ་ཡིན་ན། བཀའ་བློན་དང་དྲུང་ཆེ། དྲུང་འཕར་སོགས་གནས་རིམ་མཐོ་བའི་ནང་བུད་མེད་ཉུང་ཤས་ལས་མི་འདུག ཅེས་གསུང་གི་ཡོད། འོན་ཀྱང་ཉེ་བའི་ཆར་ནས་དེ་ལའང་འགྱུར་བ་ཕྱིན་ཏེ་སྲི་ཞུ་བ་ལས་བྱེད་ནང་ཆ་ཤས་ལེན་མཁན་དང་། ཡིག་རྒྱུགས་གཏོང་མཁན་བུ་དང་བུ་མོ་གཉིས་ལས་བུད་མེད་མང་བ་ཡོང་བཞིན་འདུག སྤྱི་ཡོངས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་དྲུག་བརྒྱ་ལྷག་ཡོད་པའི་ནང་ནས་བུད་མེད་བརྒྱ་ཆ་སུམ་ཅུ་སོ་གྲངས་ཙམ་རེད། འོན་ཀྱང་སློབ་གྲྭ་ཁག་གི་དགེ་རྒན་དང་། འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་སྤྱི་ཡོངས་རྩི་པ་ཡིན་ན། བུད་མེད་བརྒྱ་ཆ་ཕལ་ཆེར་བཞི་བཅུ་ཞེ་གྲངས་དང་ལྔ་བཅུ་ཙམ་འདུག དེར་བརྟེན་སྤྱི་ཚོགས་སྤྱི་ཡོངས་ནང་བུད་མེད་ཞབས་ཕྱི་ཞུ་མཁན་འདྲ་མཉམ་ཐོག་ཡོང་བཞིན་ཡོད་པ་ཧ་ཅང་གསལ་པོ་རེད།
བཀའ་ཤག་འདིའི་ཐོག་ནས་ཀྱང་བུད་མེད་ནུས་སྟོབས་འཕེལ་རྒྱུའི་སྲིད་བྱུས་སྔར་ཡོད་པ་འདི་ལ་བསྐྱར་ཞིབ་བྱས་པའི་ཐོག་ནས་སྐྱར་དུ་གསལ་བསྒྲགས་དང་ལག་བསྟར་བྱེད་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། དེ་དང་འབྲེལ་བའི་ཐོག་ནས་༧གོང་ས་མཆོག་ལ་སྙན་གསེང་ཞུས་པ་ཡིན་ལ་ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༢ ནང་ཚོགས་ཆེན་བསྐོང་སྟེ་བུད་མེད་ནུས་སྟོབས་འཕེལ་རྒྱུའི་སྲིད་བྱུས་ཀྱི་སྔོན་གླེང་ནང་དུའང་༧གོང་ས་མཆོག་གིས་ད་བར་བཀའ་སློབ་སྩལ་བ་ཁག་གཙོ་བོར་གཞི་ལ་བཞག་པའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱིས་འབད་བརྩོན་བྱས་ཏེ་སྲིད་བྱུས་ཡིན་ནའང་གཏན་འབེབས་བྱེད་རྒྱུ་དང་། ཚོགས་ཆེན་ཡིན་ནའང་བསྐོང་རྒྱུ་ང་ཚོས་འབད་བརྩོན་བྱེད་བཞིན་ཡོད།
སྲིད་བྱུས་ཡིན་ནའང་ཨ་རི་དང་ཀེ་ཎ་ཊ། ཡུ་རོབ། རྒྱ་གར་སོགས་རྒྱལ་སྤྱིའི་ཁྲིམས་དང་མཐུན་ཞིང་ཚད་མཉམ་ཡིན་པའི་སྲིད་བྱུས་ཞིག་གཏན་འབེབས་བྱེད་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། འོན་ཀྱང་གཞི་བཞག་ལ་གཙོ་བོ་ནི། ང་ཚོའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་འགྲོ་སྟངས་གཞི་བཟུང་ཡིན། ང་ཚོས་གཞི་བཞག་ས་ནི། ཕོ་མོའི་དབར་འགྲན་བསྡུར་དང་དབྱེ་འབྱེད་གཞི་ལ་བཞག་པའི་ཐོག་ནས་བྱེད་ཀྱི་མེད། གཞི་བཞག་ས་ནི། བུད་མེད་ལ་ནུས་པ་ཡོད་པ་འདི་ཆ་ཚང་སྟོན་ཐུབ་པ་དགོས་ཀྱི་འདུག འདིའི་ཆེད་དུ་བོད་མིའི་སྒྲིག་འཛུགས་ངོས་ནས་བུད་མེད་དང་འབྲེལ་བའི་སྲིད་བྱུས་གཏན་འབེབས་བྱེད་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།།