༢༠༡༦ ཟླ་ ༡༢ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ཀྱིས་ས་གནས་ནས་བཏང་དོན། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷུ་དཱ་གྷ་ཡར་རྟེན་གཞི་བྱས་པའི་སྟོན་པ་མངོན་པར་རྫོགས་པ་འཚང་རྒྱ་སའི་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོར་གནས་གཟིགས་མཛད་པ་དང་སྦྲགས། མཆོད་རྟེན་རིན་པོ་ཆེའི་རྟེན་གཙོ་ཐུབ་པའི་སྐུ་བརྙན་མདུན་དུ་ཐུགས་སྨོན་ཡང་མཛད།
དེ་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་དྲོ་ཐོག་མར་ཆུ་ཚོད་ ༨ ཙམ་ལ་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་དུ་བོད་ནས་གནས་མཇལ་དུ་ཕེབས་པའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་ལ་ཟུར་མཇལ་བཀའ་དྲིན་སྩལ་རྗེས་ཆུ་ཚོད་ ༨།༥༠ ཙམ་ལ་མགོན་པོ་གང་ཉིད་མཆོག་བཞུགས་གནས་ཕོ་བྲང་ནས་བྱང་ཆུབ་མཆོད་རྟེན་དྲུང་དུ་གནས་གཟིགས་ཆེད་ཆིབས་སྒྱུར་སྐྱོང་སྐབས། དུས་འཁོར་དབང་ཆེན་ཐེངས་ ༣༤ གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་མཆོག་དང་། ཚོགས་གཞོན་བདེ་སྲུང་བཀའ་བློན་མཆོག རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུ་ཐོག ཆོས་ཞུ་བ་དད་ལྡན་སེར་སྐྱ་ཕོ་མོ་སྟོང་ཕྲག་བརྒལ་བས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་བྱམས་བརྩེའི་བདག་ཉིད་འཕགས་མཆོག་ཕྱག་ན་པདྨོ་མིའི་ཤ་ཚུགས་སུ་བྱོན་པ་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གསེར་༸ཞལ་མཇལ་ཁ་ཞུས་འདུག་པ་བཅས།།