༢༠༡༦ ཟླ་ ༡༢ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །འདི་གའི་ཆེད་གཉེར་གསར་འགོད་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་བའི་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༢ ཉིན་མོན་གྷོ་འདོད་རྒུ་གླིང་གཏན་ཉིན་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡ ཡོལ་ཙམ་ཐོག་སྐུ་མགྲོན་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་མཆོག བཀའ་ཤག་སྐབས་བཅོ་ལྔའི་ལམ་སྟོན་པ་བཀའ་ཟུར་པདྨ་ཆོས་འབྱོར་མཆོག ཕྱོགས་བཞུགས་སྤྱི་འཐུས་ཁག་གཅིག ལྷོ་སྤྱིས་གཙོས་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་རྣམ་པ། ཕྱི་ནང་གི་སྐུ་མགྲོན་རྣམ་པ། དགེ་རྒན་ཟུར་པ་དང་སློབ་ཟུར། མོན་གྷོ་གཏན་སློབ་ཀྱི་སློབ་སྤྱི་གཙོས་པའི་དགེ་ལས་སློབ་ཕྲུག་སོགས་ལྷན་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་སློབ་གྲྭའི་སློབ་ཕྲུག་དང་སློབ་ཟུར་རྣམས་ནས་༸གོང་ས་མཆོག་ལ་རུ་སྒྲིག་གི་སྒོ་ནས་གུས་འདུད་ཞུས་གྲུབ་མཚམས་ཚང་མ་སྐུ་བཞེངས་ཐོག་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་།
དེ་ནས་དུས་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་ཕེབས་བསུ་དང་འབྲེལ་དུས་སྟོན་ངོ་སྤྲོད་ཀྱི་གསུང་བཤད་དང་སློབ་གྲྭའི་སློབ་སྤྱིས་སློབ་གྲྭའི་འཕེལ་རིམ་ངོ་སྤྲོད་ཞུས་རྗེས་ལྔ་བཅུ་དུས་སྟོན་གྱི་བརྙན་དེབ་དབུ་འབྱེད་དང་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་མར་མེ་མཆོད་ཀོང་འདེགས་འབུལ་ཞུས། དེ་བཞིན་གཞུང་དང་བོད་མིའི་སྒྲིག་འཛུགས་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་མར་མེ་མཆོད་ཀོང་རེ་དང་། བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་མཆོག་དང་ལྕམ་ཇུ་ཌི་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་ཕྱགས་རྟགས། དགེ་ལས་ཟུར་པ་ཁག་གཅིག་ལ་ཕྱག་རྟགས་ཕུལ་གྲུབ་བསྟུན། ཤེས་རིག་བཀའ་བློན་མཆོག་ནས་དུས་སྟོན་དང་འབྲེལ་བའི་གསུང་བཤད་གནང་།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཤེས་རིག་ལས་ཁུངས་ནས་འདོན་སྤེལ་གནང་བའི་༼བོད་མིའི་ངོ་བོ།༽ ཞེས་པའི་དཔེ་དེབ་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་བསྟུན་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། མིའི་སྤྱི་ཚོགས་གང་དུ་ཡིན་ནའང་མི་རབས་གཞོན་པ་དེ་དག་མ་འོངས་པའི་སོན་རྩ་ཆགས་ཡོད། དེ་རིང་འདིར་སྤྱིར་བོད་གངས་ཅན་དང་བྱེ་བྲག་ཏུ་བཙན་བྱོལ་ནང་ཡོད་པའི་སློབ་ཕྲུག་ཁྱེད་རང་ཚོ་མ་འོངས་བོད་མིའི་སོན་རྩ་ཆགས་ཡོད། ཁྱེད་རང་ཚོ་གཙོ་བོར་གྱུར་བའི་དེ་རིང་འདིར་ཆེད་དུ་གཉེར་ནས་དེ་སྔ་ནས་ལོ་མང་པོ་གོང་ནས་ཞབས་འདེགས་སྒྲུབ་མཁན་འབྲེལ་ཡོད་མང་པོ་ཞིག་དང་། དེ་བཞིན་སློབ་གྲྭ་འདི་ནས་ཐོན་པའི་སློབ་ཟུར་མང་པོ་ཞིག་ཀྱང་ཕེབས་འདུག དེ་རིང་འདིར་ལོ་ལྔ་བཅུ་འཁོར་བའི་དུས་ཆེན་ཟེར་དུས་ང་ཚོའི་མི་ཚེ་ཧ་ཅང་ཕྱིན་ཚར་བའི་ཚོར་སྣང་ཞིག་ཡོང་བཞིན་འདུག ཕྱི་ལོ་ ༡༩༥༩ ནས་ལོ་ ༥༧ ཕྱིན་པ་རེད། ལོ་ ༥༧ ནང་མི་ཐོག་བརྗེ་འགྲོ་གི་ཡོད། ལྔ་བཅུ་ང་དགུ་ལོར་སླེབས་པའི་མི་ཐོག་མང་ཆེ་བ་རྫོགས་ཟིན་ཡོད། ང་ཚོ་མི་སྒེར་སོ་སོའི་གནས་ཚུལ་མ་རེད། མི་རིགས་གཅིག་གི་དོན་དག་ཆགས་ཀྱི་ཡོད། མི་རིགས་དེ་ཡང་འདས་པའི་ལོ་སྟོང་ཕྲག་ཁ་ཤས་རིང་བསམ་བློ་བཏང་ན་བོད་མི་རིགས་འདི་ཧ་ཅང་གྱོང་པོ་རེད་འདུག
དུས་རབས་དྲུག་པ་བདུན་པ་ནས་མར་བྱས་ཏེ་དུས་རབས་དགུ་པ་བར་བོད་མི་རིགས་འདི་ཤེས་ཡོན་ལའང་དོ་སྣང་ཡོད་པ་མ་ཟད་སོ་སོའི་སྐད་ཡིག་ཟུར་དུ་གསར་གཏོད་ཐུབ་པ་རེད། སྐབས་དེ་དུས་མི་རིགས་འདི་སྟོབས་ཤུགས་ཅན་དང་དཀའ་ལས་བརྒྱབ་ཐུབ་མཁན་ཞིག་རེད་འདུག དེ་སྔ་དུས་རབས་མང་པོ་ཞིག་གི་རིང་ང་ཚོ་བོད་པས་རྣམ་དཔྱོད་སྟོན་ས་དང་དཀའ་ལས་རྒྱག་ས་དེ་གཙོ་བོ་ཆོས་ཕྱོགས་ཀྱི་ཐོག་བསམ་བློ་བཏང་ཡོད། བཀའ་འགྱུར་བསྟན་འགྱུར་པུ་ཏི་སུམ་བརྒྱ་ལྷག་ཙམ་ཡོད་པ་དེའི་ལོ་ཙྭ་བ་བོད་པ་རང་ཉིད་ཆགས་ཡོད། བོད་ཡིག་ཡར་རྒྱས་གཏོང་བཞིན་པའི་ཐོག་བོད་པའི་བཀའ་བསྟན་བཅོས་མང་པོ་ཞིག་བསྒྱུར་ཡོད་པ་དེ་དག་ཧ་ཅང་སྤུས་དག་ཡོད།
དེ་ཚོའི་ཐོག་བསམ་བློ་གཏོང་སྐབས་བོད་མི་རིགས་འདི་ཨུ་ཚུགས་ཚ་པོ་དང་དྲང་པོ་ཞིག་རེད་འདུག རྒྱ་གར་གྱི་སྲོལ་ལྟ་བུ་ཞིག་རེད། རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཡོད། རིག་གནས་ཆེ་བ་ལྔའི་ནང་ཚད་མ་རིག་པ་ཡོད་པ་དེ་དེང་སྐབས་འཛམ་གླིང་འདིའི་སྟེང་། བོད་པས་རྒྱ་གར་གྱི་གནའ་རབས་ཀྱི་ཚད་མ་རིག་པར་སློབ་སྦྱོང་བྱས་ནས་ཚད་མ་རིག་པ་སོས་ཉམས་དོད་པོ་བྱས་ནས་བསྡད་ཐུབ་པ་དེ་བོད་ཁོ་ནས་མ་གཏོགས་སུ་ཞིག་གིས་ཀྱང་བྱེད་ཐུབ་མེད། རྒྱ་ནག་ནང་དུ་ནང་པ་ཧ་ཅང་མང་པོ་ཡོད། གང་ལྟར་ནཱ་ལེནྡྲའི་ཆོས་བརྒྱུད་གཅིག་མཚུངས་ཆགས་ཡོད་ཀྱང་། དེ་ལྟ་བུའི་ཚད་མ་རིག་པའི་རྣམ་གཞག་གི་ཐོག་བོད་ནང་བཞིན་བདག་པོ་རྒྱག་མཁན་གཅིག་ཀྱང་མི་འདུག འབར་མ་ལ་སོགས་པའི་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་ཚོའི་ནང་ཚད་མ་རིག་པའི་སྐོར་གཅིག་ཀྱང་མེད། དེར་བརྟེན་བོད་པ་འདི་འཛམ་གླིང་འདིའི་སྒང་ཁྱད་དུ་འཕགས་པ་ཞིག་རེད་འདུག དེ་བཞིན་ནང་དོན་རིག་པ་དང་སེམས་ཁམས་རིག་པའི་ཐོག་བོད་ཕྱུག་ཤོས་རེད་འདུག སྒྲ་རིག་པ་ཟེར་དུས་བོད་སྐད་སྒྲ་རིག་པར་བརྩི་བཞིན་ཡོད།
བོད་ཡིག་འདི་དེང་སྐབས་དུས་རབས་ ༢༡ ནང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ཚད་མ་རིག་པ་དང་། ལྟ་གྲུབ་སྐོར་འགྲེལ་བཤད་རྒྱག་རྒྱུ་དེ་བོད་སྐད་དང་བོད་ཡིག་ཡག་ཤོས་ཆགས་ཡོད། བོད་སྐད་ལ་ཆ་བཞག་ན་སྒྲ་རིག་པའི་ཐོག་ཧ་ཅང་ཕྱུག་པོ་རེད་འདུག དེང་དུས་ཚན་རིག་དང་། དཔལ་འབྱོར། ཆབ་སྲིད་བཅས་ཀྱི་ནང་བོད་ཡིག་དེ་སྔ་བེད་སྤྱོད་བྱེད་རྒྱུ་མ་བྱུང་སྟབས་ཡར་རྒྱས་ཕྱིན་མེད། བཟོ་རིག་པའང་ག་ང་ཙམ་བཤད་ཐུབ་ཀྱི་རེད། གསོ་བ་རིག་པའི་ཐོག་ཧ་ཅང་ཕྱུག་པོ་རེད་འདུག དེ་ཚོར་བསམ་བློ་གཏོང་སྐབས་བོད་མི་རིགས་འདི་ཧ་ཅང་གྱོང་པོ་ཞིག་རེད་འདུག
ངོས་ཀྱིས་འཛམ་གླིང་འདིའི་སྟེང་མི་འདྲ་མིན་ཐུག་སྟེ་སྐད་ཆ་ཤོད་སྐབས་གང་ཞིག་བཤད་དགོས་མིན་ཐད་དངངས་སྐྲག་ཁྱོན་ནས་བྱེད་དགོས་མེད། ངོས་རང་འཇོན་དྲགས་པའི་སྐད་ཆ་མ་རེད། ང་ཚོ་བོད་པའི་རིག་གཞུང་འདི་ལྟ་བུ་ཞིག་ཡོད་པར་བརྟེན། མི་སུ་ཞིག་ཐུག་ཀྱང་བཤད་རྒྱུ་ཡོད་པ་ཞིག་དང་བགྲོ་གླེང་བྱེད་རྒྱུ་ཡོད་པ་ཞིག་ཡོང་བཞིན་འདུག དེ་ནས་དུས་རབས་དགུ་པའི་རྗེས་མངའ་བདག་ཁྲི་རལ་པ་ཅན་བཀྲོངས་ནས་ཆབ་སྲིད་ཀྱི་ཐོག་ཧ་ཅང་ཉམས་རྒུད་ཕྱིན་ཡོད། བླ་ཆེན་དཔོན་ཆེན་ཚོས་སོ་སོའི་ལུང་ཁུག་སོགས་ལ་སྣང་བ་དག་སྟེ་བོད་པའི་སྤྱི་པའི་དོན་དུ་བསམ་བློ་གཏོང་མཁན་མི་འདུག ཧ་ཅང་སྐྱོ་པོ་རེད། འཐུས་ཤོར་ཧ་ཅང་ཕྱིན་པ་རེད། ཆབ་སྲདི་ཀྱི་ཐོག་ནས་ཧ་ལས་པའི་འཐུས་ཤོར་ཕྱིན་པ་རེད། འོན་ཀྱང་བོད་མི་རིགས་ཞེས་སྐད་ཡིག་ཟུར་གསལ་ཞིག་གི་ཐོག་ནས་ནང་ཆོས་རྒྱ་ཆེ་གཏིང་ཟབ་ཡོད་པ་དེས་བོད་མི་རིགས་འཚོ་གནས་ཐུབ་ཡོད།
ཆབ་སྲིད་ཀྱི་ཐོག་ནས་བོད་དེ་ཧ་ཅང་ཐབས་སྐྱོ་པོ་ཞིག་གི་ཐོག་ནས་ཕྱིན་པ་ཡིན་ནའང་། ང་ཚོའི་སྐད་ཡིག་དང་རིག་གཞུང་། གཙོ་བོ་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་བོད་མི་རིགས་ཡོངས་རྫོགས་གཅིག་སྒྲིལ་བྱས་ནས་བསྡད་རྒྱུ་ཞིག་དུས་ད་ལྟ་བར་བྱུང་བ་རེད། དེང་སང་ཆ་བཞག་ན་རྒྱ་ནག་གུང་ཁྲན་ཏང་གིས་ཧ་ཅང་དམ་བསྒྲགས་བྱས་ནས་བོད་པའི་ཐོག་གདུག་རྩུབ་བྱས་པ་དེས་བོད་པ་ཚོ་རྡོག་ཏུ་བསྒྲིལ་རྒྱུར་ཕན་ཐོགས་བྱུང་ཡོད། རྒྱ་མིས་བཅིངས་བཀྲོལ་ཟེར་བཞིན་པ་དེ་མིང་དོན་མཚུངས་པའི་བཅིངས་བཀྲོལ་བྱས་ནས་བོད་པར་བྱམས་པོ་བྱེད་ན་ད་ཆ་ང་ཚོ་དེ་ཙམ་རྡོག་སྒྲིལ་པོ་ཡོད་མེད་མི་ཤེས། གཅིག་བྱས་ན་རྐྱེན་ངན་གྲོགས་ལ་ཤར་པ་ལྟ་བུ་རེད། ལྔ་བཅུ་ང་དགུའི་རྗེས་ང་ཚོ་བཙན་བྱོལ་བ་ཆགས་ནས་བོད་མི་མང་པོ་ཞིག་བཙན་བྱོལ་ལ་བསྡད་དགོས་པ་དང་། བོད་རྒྱ་ཆེའི་མི་མང་དང་ཁ་བྲལ་ཏེ་བསྡད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། གནས་སྟངས་དེའི་ཐོག་ནས་བཤད་ན་གནས་ཚུལ་ཧ་ཅང་ཐབས་སྐྱོ་པོ་རེད། འོན་ཀྱང་ལོ་ ༥༧ ཕྱིན་པའི་མཚམས་ལ་བསམ་བློ་གཏང་ཚེ། ང ཚོ་བཙན་བྱོལ་བ་ཆགས་མེད་ན། ང་ཚོས་བོད་ནང་སོ་སོ་སྣང་བ་དག་སྟེ་བསྡད་ཡོད་ངེས་རེད།
འདས་པའི་ལོ་ངོ་ ༥༧ ཐོག་བསམ་བློ་ཞིག་བཏང་ན། དུས་ཡུན་གང་ཙམ་ཕྱིན་པ་མ་ཟད་མི་
དེར་བརྟེན་བཀའ་དྲིན ཆེ་ཞུ་རྒྱུ་ཡིན། དེ་དང་དེ་འདྲ་བའི་དེ་སྔ་སློབ་གྲྭ
དྲག་གནོན་བྱས་རྗེས་གནས་ཚུལ་ཐག་