༢༠༡༦ ཟླ་ ༡༢ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༡ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་དུ། རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བྱང་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ཀར་ཝར་རྫོང་གི་རྫོང་དཔོན་ཨེ་སི་ཨེ་སི་ན་ཀུལ་ S S Nukul ལགས་ཀྱིས་རྒྱ་གར་གཞུང་གི་ཚབ་ཞུས་པ་དང་། མོན་གྷོ་ས་གནས་འགོ་འཛིན་ཀརྨ་ལགས་ཀྱིས་དབུས་བོད་མིའི་ངལ་སེལ་ཚོགས་པའི་ཚབ་ཞུས་ནས་མོན་གྷོ་འདོད་རྒུ་གླིང་བོད་མི་རྣམས་ལ་རྒྱ་གར་གཞུང་གིས་ས་ཞིང་བོགས་གཏོང་གནང་བའི་ཁྲིམས་མཐུན་གན་རྒྱར་མཚན་རྟགས་བཀོད་འདུག
དེ་རྗེས་ཕྱེད་ཡོལ་ཆུ་ཚོད་ ༢ ཡོལ་ཙམ་ཐོག་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་འདུ་ཁང་ནང་དུ། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག བཀའ་ཤག་སྐབས་བཅོ་ལྔ་པའི་སློབ་སྟོན་པ་བཀའ་ཟུར་པདྨ་ཆོས་འབྱོར་མཆོག བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་དང་གོ་བོ་བློ་བཟང་ཕན་བདེ་ལགས། ལྷོ་སྤྱིས་གཙོས་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་རྣམ་པ། ས་གནས་ཀྱི་རྫོང་དཔོན་ S.S. Nakul ལགས་དང་ལས་རོགས་ཅནྡྲ་ཤེ་ཁར་ Chandrashekar ལགས། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི་རྣམ་པ། དགོན་སྡེ་ཁག་གི་ཕྱག་མཛོད་རྣམ་པ། ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་ཐོག་མར་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱི་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས། ས་གནས་རྫོང་དཔོན་གྱིས་རྒྱ་གར་གཞུང་གི་ཚབ་ཞུས་ནས་མོན་གྷོ་འདོད་རྒུ་གླིང་བོད་མི་རྣམས་ལ་རྒྱ་གར་གཞུང་གིས་ས་ཞིང་བོགས་གཏོང་གི་ཁྲིམས་མཐུན་དེབ་སྐྱེལ་གནང་ཡོད་སྐོར་དང་། ཁྲིམས་ཀྱི་ཆ་རྐྱེན་འོག་མཐུན་རྐྱེན་ཇི་ཡོད་ཀྱི་དོན་ཚན་ཁག་ངོ་སྤྲོད་གནང་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་།