༢༠༡༦ ཟླ་ ༡༢ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་ནས་བལ་ཡུལ་འཇོ་ཁེལ་དང་། འཕགས་ཤིང་གཉིས་ཀྱི་ས་གནས་འཐུས་ཚོགས་སྐབས་ ༠༨ པའི་འདེམས་ཐོན་ཚོགས་མི་རྣམས་ཀྱི་ལས་འཁུར་དམ་འབུལ་གྱི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཟུང་དྲུང་ཟུར་པ་ཚེ་གསུམ་ལྷ་མོ་ལགས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༦ སྔ་དྲོ་ཚོུད་ ༡༠ ཐོག་འཇོ་ཁེལ་ས་འཐུས་དང་། ཉིན་རྒྱབ་ཚོུད་ ༢ ཐོག་འཕགས་ཤིང་ས་འཐུས་དམ་བཅའ་འབུལ་བཞེས་གནང་འདུག
དེ་ཡང་འཇོ་ཁེལ་ས་གནས་འཐུས་མི་ ༡༡ ནས་འཐུས་མི་ ༧ དམ་འབུལ་ཐུབ་ཡོད་པ་དང་། འཐུས་མིའི་ཁོངས་ནས་ཚོགས་གཙོར་དགེ་བུ་ཆེ་ལགས་དང་། ཚོགས་གཞོན་དུ་བསོད་ནམས་བཀྲིས་ལགས་འདེམས་ཐོན་བྱུང་འདུག་པ་དང་། འཕགས་ཤིང་ས་གནས་འཐུས་མི་ ༡༥ ནས་འཐུས་མི་ ༡༡ དམ་འབུལ་ཞུས་ཏེ་ཚོགས་གཙོར་བློ་བཟང་རབ་རྒྱལ་ལགས་དང་། ཚོགས་གཞོན་དུ་ཁྲོ་གསལ་གཡུང་དྲུང་ལགས་འདེམས་ཐོན་བྱུང་འདུག་པ་བཅས།།