༢༠༡༠ ཟླ་ ༩ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །འདི་གར་ཕྱི་དྲིལ་འགྲེམས་སྟོན་ཚན་ལས་བྱེད་ཀྱིས་གྷོ་ཝ་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༡༣ དང་ ༡༤ བཅས་ཉིན་གཉིས་རིང་ཕྱི་དྲིལ་འགྲེམས་སྟོན་ཚན་པས་རྒྱ་གར་ལྷོ་ཕྱོགས་གྷོ་ཝར་ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་བོད་མི་ཚོར་སྡུག་བསྔལ་ཇི་བྱུང་གི་པར་རིགས་ཁག་གཅིག་(Art Gallery of Kala Academy)གྷོ་ཝའི་འགྲེམས་སྟོན་ཁང་ཞིག་ཏུ་འགྲེམས་སྟོན་གནང་ཡོད། དེ་ཡང་སྔ་དྲོ་ཆུ་ཚོད་ ༡༉༡ ཐོག་གྷོ་ཝའི་རི་མོ་མཁས་པ་སྙན་གྲགས་ཅན་(Mr.Subodh Kerkar) སྐུ་ཞབས་སུ་བྷོཊ་ཀེར་ཀར་ལགས་ཀྱིས་པར་རིགས་འགྲེམས་སྟོན་དབུ་འབྱེད་གནང་ཡོད། དེ་རྗེས་སྐུ་ཞབས་སུ་བྷོཊ་ཀེར་ཀར་ལགས་ཀྱིས་གསར་འགོད་པར་བོད་ནང་གི་བོད་མི་རྣམས་ཀྱི་གནས་སྟངས་དང། བོད་དེ་རྒྱལ་ཁབ་ཐ་དད་ཅིག་ཡིན་པ་དཔེ་རིས་ཀྱི་ལམ་ནས་བོད་ཀྱི་ས་ཁྲ་བྲིས་ཏེ་གསལ་ཁ་བཏོན་ཡོད། སྐབས་དེར་ས་གནས་མི་མང་དང་། ཡུལ་སྐོར་སྤྲོ་འཆམ་པ། དེ་བཞིན་ཉེ་འགྲམ་གྱི་འགྲེམས་སྟོན་ཚོགས་ཁང་དུ་རྒྱ་གར་ལྷོ་ཕྱོགས་ཀོན་ཀན་སྐད་ཡིག་ཐོག་གཏམ་བརྗོད་བལྟ་མཁན་བཅས་ཁྱོན་མི་གྲངས་ ༡༥༠༠ བརྒལ་བ་འདུ་འཛོམས་བྱུང་ཡོད། དེ་རྗེས་ཕྱི་དྲིལ་འགྲེམས་སྟོན་ཚན་པ་ནས་མོན་གྷོ་ས་གནས་སུ་ཕྱི་ཚེས་ ༡༧ ནས་ ༡༩ བར་ཉིན་གསུམ་རིང་པར་རིགས་འགྲེམས་སྟོན་གནང་ཡོད། པར་རིགས་འགྲེམས་སྟོན་འདི་བཞིན་ཕྱི་དྲིལ་འགྲེམས་སྟོན་ཚན་པ་དང་རྒྱལ་ཡོངས་བོད་དོན་ལས་འགུལ་ཚོགས་པ་(National Campaign for Tibetan Cause)གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་བྱེད་དགོས་དོན་ནི། རྒྱ་གར་གྱི་ས་གནས་མི་མང་རྣམས་ལ་བོད་དོན་དང་འབྲེལ་བའི་གནད་དོན་གོ་རྟོགས་སྤེལ་རྒྱུ་དང་ཆབས་ཅིག་རྒྱ་གར་གཞུང་མང་ལ་བོད་མི་ཚོར་བཙན་བྱོལ་དུ་ལོ་ ༥༠ རིང་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་འདུག་པ་བཅས།།