༢༠༡༠ ཟླ་ ༩ ཚེས་ ༢༠ རེས་གཟའ་ཟླ ་བ།
༅༅། །ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྷུ་ཌ་པེ་སི་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་བྷུ་ཌ་པེ་སི་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་གྷ་བྷོར་ཌེམ་སི་ཀི་(Gabor Demsky) མཆོག་གིས་ཕེབས་བསུ་གཟབ་རྒྱས་ཞུ་ཡོད། དེ་ནས་མགོན་པོ་གང་ཉིད་མཆོག་གནམ་ཐང་ནས་བཞུགས་གནས་མགྲོན་ཁང་དུ་ཆིབས་སྒྱུར་སྐྱོང་སྐབས་ས་གནས་དེར་ཡོད་པའི་བོད་རིགས་དང་། སོག་རིགས། ཧང་གྷ་རིའི་ཡུལ ་མི་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བས་ཕེབས་བསུ་ཞུས་ཡོད། སྐབས་དེར་༸གོང་ས་མཆོག་གིས་ཧང་གྷ་རིའི་བརྙན་འཕྲིན་བརྒྱུད་ལམ་ཞིག་གིས་ཆེད་དོན་དྲི་བར་བཀའ་སློབ་སྩལ་དོན། ཕྱི་ལོ་ ༡༩༥༦ ཟླ་ ༡༠ པའི་ནང་ངོས་རང་བོད་ནང་ཡོད་སྐབས་ཧང་གྷ་རི་ཡུལ་མི་ཚོས་དམར་ཤོག་ལ་ངོ་རྒོལ་ཤུགས་ཆེ་བྱེད་པ་དྲན་གྱི་འདུག དེ་སྐབས་མང་གཙོ་དང་རང་དབང་འཐབ་རྩོད་བྱེད་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེ་ཡོད། ཅེས་བཀའ་སྩལ་ཡོད། གྲོང་ཁྱེར་གྱི་སྤྱི་ཁྱབ་པ་གྷ་བྷོར་ཌེམ་སི་ཀི་མཆོག་དང་མགོན་པོ་གང་ཉིད་མཆོག་ཐོག་མར་ཕྱི་ལོ་ ༡༩༩༢ ལོར་མཇལ་འཕྲད་མཛད་ཡོད།
ཕྱི་ཚེས་ ༡༨ རེས་གཟའ་སྤེན་པའི་ཉིན་ཧང་གྷ་རིའི་རྒྱལ་ས་བྷུ་ཌ་པེ་སི་ Budapest གྲོང་ཁྱེར་ཚོགས་ཁང་དུ་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་གྷ་བྷོར་ཊེམ་སི་ཀི་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེས་མཐོའི་མི་སེར་གྱི་ཕྱག་འཁྱེར་འབུལ་ལམ་ཞུས་ཡོད། དེ་ཡང་གཟེངས་རྟགས་དེའི་ཐོག་ཆེ་བསྟོད་ཀྱི་གནས་བྲིས་འཁོད་ཡོད་པའི་ནང། བོད་མིའི་དབུ་ཁྲིད་༸སྐྱབས་མགོན་བསྟན་འཛིན་རྒྱ་མཚོ་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་གཅེས་འཛིན་དང་། འཛམ་གླིང་འདིའི་སྟེང་འཚེ་མེད་ཞི་བདེའི་ཆེད་མཛད་འཕྲིན་རྒྱ་ཆེ་མཛད་པར་བྷུ་ཌ་པེ་སིའི་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་འདི་འབུལ་ལམ་ཞུ་རྒྱུ་ཡིན་ཞེས་བཀོད་ཡོད།
དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཟེངས་རྟགས་འབུལ་བཞེས་མཛད་སྒོར་བཀའ་སློབ་སྩལ་དོན། ངོས་རང་ལ་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་གནང་བར་དགའ་སྤོབས་ཆེན་པོ་བྱུང། ངོས་ལ་ཕྱག་འཁྱེར་འདི་ཐོབ་པར་དམིགས་བསལ་གྱི་གལ་གནད་ཅིག་ཆགས་ཡོད། གང་ཡིན་ཞེ་ན་དེ་སྔ་ཧང་གྷ་རིའི་མཁས་དབང་དང་བོད་པའི་སྐོར་སྲོལ་གཏོད་བྱེད་མཁན་ཨེ་ལེཀ་སེན་ཊར་སོ་མ་དྷེ་ཀོ་རོ་སི་Alexander Csoma de Koros ཁོང་གིས་དབྱིན་བོད་ཚིག་མཛོད་བརྩམས་ཏེ་འགྲེམས་སྤེལ་གནང་ཡོད། ཅེས་སོགས་ཀྱི་བཀའ་སློབ་ཕེབས་ཡོད། དེ་ཉིན་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷུ་ཌ་པེ་སིའི་རྩེད་རའི་ནང་མི་མང་ཆིག་ཁྲི་ཆིག་སྟོང་བརྒལ་བ་འདུ་འཛོམས་བྱུང་ཡོད་པར་བོད་ཀྱི་ནང་ཆོས་ངོ་སྤྲོད་མཛད་ཡོད་པ་དང། དེ་བཞིན་དྲ་རྒྱའི་ཐོག་ནས་༸གོང་ས་མཆོག་གི་བཀའ་ཆོས་ཞུ་མཁན་རྒྱལ་ཁབ་མི་འདྲ་བ་ཁག་བདུན་ཅུ་དོན་བཞི་ཙམ་གྱི་མི་མང་བརྒྱད་སྟོང་ཙམ་བཅར་ཡོད། མགོན་པོ་གང་ཉིད་མཆོག་གིས་བོད་ཀྱི་ནང་ཆོས་རྨང་གཞིའི་སྐོར། ནང་ཆོས་ངོ་སྤྲོད་ཟབ་རྒྱས་སྩལ་ཡོད། ཉིན་རྒྱབ་༸གོང་ས་མཆོག་གིས་མང་ཚོགས་ཀྱིས་དྲི་བར་བཀའ་ལན་མཛད་ཡོད་ཅིང་དེ་ཡང་མཇལ་བཅར་བ་ཞིག་གིས་དྲི་བར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། ང་ཚོའི་བསམ་བློ་ངན་པ་དེ་རྣམས་འགྱུར་བ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། འདས་པའི་ལོ་ངོ་ཉིས་སྟོང་ཙམ་ནས་མིའི་བསམ་བློར་འགྱུར་བ་གང་ཡང་ཕྱིན་མེད། མིའི་བསམ་བློར་འགྱུར་བ་འགྲོ་དཀའ་བར་བརྟེན་གནའ་རབས་ཀྱི་སློབ་སྟོན་རྣམས་དེང་དུས་དང་འབྱུང་འགྱུར་གྱི་ལོ་སྟོང་མང་པོ་དང་འབྲེལ་བ་ཆགས་ཡོད། འཛམ་གླིང་སྟེང་གི་མི་ཐེར་འབུམ་བདུན་ཙམ་ཡོད་པ་ཚང་མར་ཆགས་ཞེན་དང། ཁོང་ཁྲོ། འདོད་རྔམ། བྱམས་པ། སྙིང་རྗེ། བདེ་བ་འདོད་པ་ཤ་སྟག་ཡིན་ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད། དེ་བཞིན་༸གོང་ས་མཆོག་གིས་ནང་ཆོས་ཀྱི་སྙིང་པོ་ནི་གཞན་ཕན་ཡིན་ཞེས་བཀའ་སློབ་སྩལ་ཡོད་པ་བཅས།།