༢༠༡༦ ཟླ་ ༡༢ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༤ ཉིན་ཉི་ཧོང་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ཚེས་ ༡༣ ཉིན་ཉི་ཧོང་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཚང་མ་མཚོན་ཐུབ་པའི་ཚོགས་ཆུང་ལྷན་ཚོགས་ཐོག ཆབ་སྲིད་ཚོགས་པ་ཚང་མས་བོད་དོན་ཐོག་མཉམ་རུབ་ཐོག་ནས་རྒྱབ་སྐྱོར་ཞུ་ཆེད་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ All Party Japanese Parliamentary Group for Tibet གསར་འཛུགས་གནང་བའི་གསལ་བསྒྲགས་སྤེལ་འདུག
དེ་ཡང་དེ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༤༠ ཙམ་ལ་གནམ་གཤིས་ཧ་ཅང་དྲང་ངར་ཆེ་ཡང་མ་འཛེམས་པར་གྲོས་ཚོགས་འཐུས་མི་རྣམས་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ལྷན་འཛོམས་གནང་ནས་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་རྣམ་འགྱུར་བསྟན་འདུག སྐབས་དེར་ཉི་ཧོང་གྲོས་ཚོགས་གོང་འོག་གི་ཆབ་སྲིད་ཚོགས་པ་ཚང་མའི་ངོ་བོ་མཚོན་པའི་གྲོས་ཚོགས་འོག་མ་ནས་ House of Representatives འཐུས་མི་ ༥༨ དང་གོང་མ་ House of Councillors ནས་འཐུས་མི་ ༢༤ མཉམ་ཞུགས་གནང་འདུག
སྐབས་དེར་གྲོས་ཚོགས་འོག་མའི་འཐུས་མི་དང་དེ་སྔ་ཡུལ་དེའི་ཤེས་རིག་བཀའ་བློན། དེ་བཞིན་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡིན་པ་སྐུ་ཞབས་ཤི་མོ་མུ་ར་ཧ་ཀུ་བྷུན་ Shimomura Hakubun མཆོག་གིས་ཕྱག་སྦྲེལ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཐུབ་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ལས་གཞི་འདི་ནི་ལོ་ངོ་ལྔའི་གོང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ཡུལ་དུ་ཆིབས་སྒྱུར་བསྐྱང་སྐབས་བྱུང་བའི་བསམ་ཚུལ་གཞི་རྩར་བཟུང་ནས་ཐེངས་འདིར་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བ་ཞིག་ཡིན་སྐོར་གསུངས་པ་མ་ཟད། ཉེ་ལམ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེར་ཆིབས་སྒྱུར་བསྐྱང་སྐབས་ཉི་ཧོང་གྲོས་ཚོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པར་ཐུགས་རྗེ་ཆེ་ཞུས་འདུག ཕྱོགས་མཚུངས་ཚོགས་གཙོ་མཆོག་གིས་དེ་སྔ་བཞུགས་སྒར་དུ་༸གོང་ས་མཆོག་མཇལ་འཕྲད་ཞུས་པ་མ་ཟད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྐོར་ཤེས་རྟོགས་ཐུབ་པ་སོགས་དྲན་གསོ་གནང་བ་དང་སྦྲགས་གསུང་དོན།
བོད་མི་རྣམས་ནི་ལོ་ངོ་སྟོང་གི་རིང་ནས་འཚེ་མེད་ཞི་བའི་ཐབས་ལམ་གཞི་རྩར་བཟུང་བའི་ལྟ་གྲུབ་ཉམས་ལེན་བྱེད་མཁན་ཞིག་ཡིན་པ་མ་ཟད། བོད་བརྒྱུད་ནང་བསྟན་ནི་དེང་དམག་འཁྲུག་དང་འཚེ་བའི་ལས་འགུལ་ཇེ་ཆེར་འགྲོ་བཞིན་པའི་འཛམ་གླིང་གི་གནས་སྟངས་ལ་གདོང་ལེན་ཆེད་ཞབས་འདེགས་བསྒྲུབ་རྒྱུའི་ནུས་པ་ཧ་ཅང་ཡོད། ཅེས་གསུངས། སྐབས་དེར་ཉི་ཧོང་གི་གསར་འགོད་པ་དང་སྲིད་བྱུས་སློབ་སྟོན་པ་ལྕམ་སྐུ་ཡོ་ཤི་ཀོ་ས་ཀུ་ར་ཡི་ Yoshiko Sakurai ལགས་ཀྱིས་ཉི་ཧོང་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཐེངས་འདིར་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཐུབ་པར་འཚམས་འདྲི་དང་སྦྲགས་བསྔགས་བརྗོད་ཞུས་པ་མ་ཟད། རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་ཐོག་མཐུན་འགྱུར་རོགས་རམ་གནང་བ་བརྒྱུད་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་རོགས་རམ་ཧ་ཅང་གནང་དང་གནང་མུས་ལ་ཡི་རང་བསྔགས་བརྗོད་དང་། ཉི་ཧོང་ནི་བོད་དང་འདྲ་བར་ནང་པའི་རྗེས་འབྲང་པ་ཞིག་ཡིན་སྟབས་བོད་དོན་རྒྱབ་སྐྱོར་གནང་རྒྱུའི་ཆ་རྐྱེན་དང་ནུས་པ་ཧ་ཅང་ཡོད་སྐོར་དང་། བོད་མི་རྣམས་ལ་ཉི་ཧོང་ནང་རིག་གནས་འདྲ་མིན་ཐོག་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བསྐྲུན་དགོས་པ་དང་། དེའི་ཆེད་དུ་བོད་མི་རྣམས་ལ་སློབ་ཡོན་ལས་གཞི་མང་དུ་གཏོང་དགོས་པའི་བསམ་ཚུལ་ཡང་བཏོན་འདུག
ཕྱོགས་མཚུངས་སྐུ་ཚབ་དོན་གཅོ་ལུང་རྟོགས་ལགས་ཀྱིས་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། ལྷག་པར་ཉེ་ལམ་ཡུལ་དེའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀའ་དྲིན་བསྐྱང་སྐབས་གྲོས་ཚོགས་ནང་གདན་ཞུས་དང་སྦྲགས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པར་བཀའ་དྲིན་ཆེ་ཞུས་འདུག གཞན་ཡང་ཁོང་གིས་བོད་མི་ཚོས་ལོ་མང་རིང་ནས་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་གསལ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་བྱེད་བཞིན་པ་དང་། བོད་ནང་དུ་མཚོན་ན་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁའི་གནས་སྟངས་འོག་བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་རྩིས་མེད་རྡོག་རོལ་གཏོང་བཞིན་པར་བརྟེན་གཞིས་ལུས་བོད་མི་རྣམས་དཀའ་སྡུག་ཧ་ཅང་འོག་གནས་ཡོད་སྟབས། ཉི་ཧོང་གིས་གཙོས་རང་དབང་ལྡན་པའི་རྒྱལ་ཁབ་ཚོས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་བར་བརྟེན་བོད་ཀྱི་གནད་དོན་ད་བར་རྩ་མེད་དུ་མ་སོང་བར་གསོན་པོར་གནས་ཐུབ་ཡོད་སྐོར་གསུངས། སྐབས་དེར་དོན་ཁང་ནས་བོད་དོན་དང་འབྲེལ་བའི་དེབ། བཙན་བྱོལ་ནང་གི་མི་ལོ་ ༥༠ ཞེས་པ་དང་། བོད་ཀྱི་བྱུང་རབས་ལ་ཡུད་ཙམ་ལྟ་བ། བོད་དང་༸གོང་ས་ཏཱ་ལའི་བླ་མ་མཆོག ཅེས་པའི་དཔེ་དེབ་ཁག་གསུམ་གྲོས་ཚོགས་འཐུས་མི་རྣམས་ལ་ཕུལ་འདུག །