༢༠༡༦ ཟླ་ ༡༢ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱེད་ཡོལ་དུ་རྒྱ་གར་སྲིད་འཛིན་གྱི་ཕོ་བྲང་དུ་ཆིབས་སྒྱུར་བསྐྱངས་ནས་ཐོག་མར་སྲིད་འཛིན་སྐུ་ཞབས་པར་ནབ་མུ་ཁར་ཇི་ Pranab Mukherjee མཆོག་དང་མཇལ་འཕྲད་མཛད། སྐབས་དེར་༸གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་མཆོག་ལ་ཕྱག་རྟགས་སུ་སྟོན་པའི་སྐུ་བརྙན་ཞིག་དང་མཇལ་དར་ཨ་ཤེ་གཅིག་འབུལ་ལམ་ཞུས་ནས་འཚམས་འདྲི་མཛད།
དེ་རྗེས་དབུ་ཁྲིད་རྣམ་གཉིས་ཕོ་བྲང་གི་ཕྱི་རོལ་དུ་ཆིབས་སྒྱུར་བསྐྱངས་ནས་བྱིས་པའི་ཐོབ་ཐང་རྩོད་ལེན་པ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཀེ་ལ་ཤི་སཏྱཱར་ཐི་ Kailash Satyarthi མཆོག་དང་། ཡེ་མེན་ནས་ཡིན་པ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ ཏ་ཝ་ཀོལ་ཀར་མཉ་ Tawakkol Karman མཆོག དེ་བཞིན་ལ་ཡི་བྷི་རི་ཡེན་ཡུལ་ནས་ཡིན་པ་ལྕམ་སྐུ་ལི་མ་གྷ་བྷོ་ཝེ་ Leymah Gbowee མཆོག་སོགས་དང་ལྷན། རྒྱ་གར་སྲིད་འཛིན་མཆོག་དགུང་གྲངས་ ༨༡ ཕེབས་པའི་ཉིན་མོ་དང་སྟབས་བསྟུན། བྱིས་པ་ས་ཡ་བརྒྱས་བྱིས་པ་ས་ཡ་བརྒྱ་ལ་སྲུང་སྐྱོབ་བྱེད་དགོས་པའི་ལས་འགུལ་དབུ་འབྱེད་མཛད།
སྐབས་དེར་རྒྱ་གར་རྒྱལ་ཡོངས་ནས་སློབ་ཕྲུག་གྲངས་ ༥༠༠༠ མཉམ་ཞུགས་གནང་འདུག སྐབས་དེར་སྐུ་ཞབས་ཀེ་ལ་ཤི་སཏྱཱར་ཐི་ Kailash Satyarthi མཆོག་གིས་ཐོག་མར་ལས་འགུལ་དེ་ངོ་སྤྲོད་ཞུ་སྐབས། འཛམ་གླིང་ནང་བྱིས་པ་ས་ཡ་བརྒྱ་ཙམ་ཤེས་ཡོན་གྱི་གོ་སྐབས་དང་བྲལ་ནས་དཀའ་སྡུག་འོག་སྡུག་བསྔལ་ཧ་ཅང་མནར་བཞིན་ཡོད་པ་དང་། འབྱུང་འགྱུར་སྤྱི་ཚོགས་ཁ་ཕྱོགས་ཇི་འདྲ་ཞིག་ལ་བསྒྱུར་དགོས་མིན་དེ་བྱིས་པ་ཚོ་མ་འོངས་སོན་རྩ་ཡིན་སྟབས་ཁོང་རྣམས་ལ་རག་ལུས་ཡོད་པ་དང་། དེར་བརྟེན་འཚོ་བ་ཡག་པོ་ཡོད་མཁན་གྱི་བྱིས་པ་ས་ཡ་བརྒྱ་ཡིས་དཀའ་ངལ་འཕྲད་བཞིན་པའི་བྱིས་པ་ས་ཡ་བརྒྱ་ཐམ་པར་རོགས་རམ་བྱེད་དགོས་པའི་དམིགས་ཡུལ་འཛིན་ནས་ལས་འགུལ་དེ་སྤེལ་བ་ཞིག་ཡིན་སྐོར་གསུངས།
རྒྱ་གར་གྱི་སྲིད་འཛིན་མཆོག་ནས་སྐབས་དེར་ལས་འགུལ་དེ་ལྟ་བུ་སྲིད་འཛིན་ཕོ་བྲང་ནས་སྤེལ་བ་དེ་ནི་ས་གནས་འོས་ཤིང་འཚམས་པ་ཞིག་ཡིན་པ་དང་། ས་གནས་འདི་ནི་རྒྱ་གར་སྤྱི་ཚོགས་ཀྱི་མང་གཙོ་དང་ཆོས་ལུགས་རིས་མེད། སྤྱི་ཚོགས་མཉམ་སྡོད་ཀྱི་འདུ་ཤེས་མཚོན་བཞིན་ཡོད་པ་དང་། རྒྱ་གར་ནང་ཡར་རྒྱས་ཕྱིན་ཡོད་ཀྱང་ད་དུང་བྱིས་པ་ས་ཡ་བརྒྱ་ལྷག་ལ་སློབ་གྲྭའི་གོ་སྐབས་མེད་པ་དང་། ཇི་སྲིད་བྱིས་པ་རྣམས་ལ་ཤེས་ཡོན་སོགས་ཀྱི་གོ་སྐབས་མ་ཐོབ་པ་དེ་སྲིད་དུ་འགྲོ་བ་མི་རིགས་སྤྱི་ལ་ཡར་རྒྱས་འགྲོ་ཐུབ་རྒྱུ་ཁག་པོ་ཡིན་པ་དང་། བྱིས་པ་ཐམས་ཅད་འཇིགས་སྣང་དང་བྲལ་ཞིང་རང་དབང་ལྡན་པའི་ཐོག་ནས་ཤེས་ཡོན་གྱི་གོ་སྐབས་ཐོབ་པའི་སྨོན་འདུན་དང་བཅས་གསུང་བཤད་མཇུག་བསྒྲིལ་འདུག དེ་ནས་སྲིད་འཛིན་མཆོག་དང་༸གོང་ས་མཆོག་ལྷན་རྒྱས་ཕྱག་ཏུ་དར་ཆ་ལྗང་ཁུ་ཞིག་ཐོགས་ནས་བྱིས་པ་ས་ཡ་བརྒྱས་བྱིས་པ་ས་ཡ་བརྒྱ་ལ་རོགས་རམ་ལས་འགུལ་ཀྱི་ལས་གཞི་དབུ་འཛུགས་མཛད་འདུག ཕྱི་ཚེས་ ༡༢ ཉིན་༸གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་བཅས།།