༢༠༡༠ ཟླ་ ༩ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༡༣ རེས་གཟའ་སྤེན་པའི་ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་ ༡༥ པ་དེ་འགོ་འཛུགས་གནང་ཡོད། སྐབས་དེར་བསྟན་འཛིན་བསམ་འཕེལ་ལགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གི་དབུ་འབྱེད་ཀྱི་གསུང་བཤད་དེར་སྔགས་བརྗོད་གནང་ཡོད་པ་མ་ཟད། ཁོང་ནས་འཇིག་ཉེན་མི་རིགས་སྲུང་སྐྱོབ་ཚོགས་པའི་ཚབ་ཞུས་ཏེ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་སྐུ་ཞབས་ཀརྨ་བསམ་གྲུབ་ལགས་ཉེ་ལམ་རྒྱ་ནག་གཞུང་གིས་མ་ཉེས་ཁ་གཡོག་འོག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། ཁོང་ལ་ཉེ་རྡུང་ཚབས་ཆེན་བཏང་ཡོད་སྐོར་ཞིབ་ཕྲ་གསལ་བཤད་དང། རྒྱ་ནག་ནང་ད་ལྟའི་ཆར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་པ་ཁྱབ་བརྡལ་ཤུགས་ཆེ་འགྲོ་བཞིན་ཡོད་པར་རྒྱ་ནག་གཞུང་གིས་ཚོགས་པ་དེ་དག་ལ་གནོན་ཤུགས་དང་དམ་བསྒྲགས་ཤུགས་ཆེ་སྤྲོད་བཞིན་ཡོད་སྐོར་སོགས་ཀྱིས་གསལ་བཤད་གནང་སྐབས་རྒྱ་ནག་གཞུང་གི་སྐུ་ཚབ་འཐུས་མིས་ཁོང་གི་གསུང་བཤད་ལ་དགག་པ་བརྒྱབ་ཡོད་ཀྱང་ཁོང་ནས་རང་གི་བརྗོད་རྒྱུའི་གསལ་བཤད་ཆ་ཚང་གནང་ཐུབ་པ་བྱུང་འདུག ཚོགས་འདུ་དེ་ཕྱི་ཟླ་ ༡༠ ཚེས་ ༡ བར་ཚོགས་རྒྱུ་ཡིན་འདུག་པ་བཅས།།