༢༠༡༦ ཟླ་ ༡༢ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༥ ཉིན་གྱི་ཕྱེད་ཡོལ་སུད་སི་རྒྱལ་ས་ཇི་ནི་ཝར་ Geneva རྟེན་གཞི་བྱས་པའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་དང་ལས་རོགས་ཟླ་བ་ཚུལ་ཁྲིམས་ལགས་རྣམ་གཉིས་ཀྱིས། ཁུལ་དེར་གནས་ཡོད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་ཐོག་དམིགས་བསལ་སྐུ་ཚབ་མཆོག་གི་ལས་རོགས་ལྕམ་སྐུ་ཅེན་ཡིའུ་ལིམ་ Ms Chian Yew Lim མཆོག་དང་མཇལ་འཕྲད་ཞུས་ནས་གསེར་རྟ་བླ་རུང་སྒར་ནང་རྒྱ་ནག་གཞུང་གིས་གཏོར་བཤིག་བཏང་དང་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་སྐོར་ཞུ་གཏུག་གནང་འདུག
སྤྱིར་དེ་ཉིན་བཀའ་སྤྱི་ཐུན་མོང་ནས་གསེར་རྟ་བླ་རུང་སྒར་གྱི་ཛ་དྲག་གནས་སྟངས་ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་དང་སྦྲགས། གསེར་རྟ་བླ་རུང་སྒར་དང་འབྲེལ་བའི་དངོས་བྱུང་གློག་བརྙན་སྐར་མ་ ༧ ཅན་ཞིག་དབུ་འབྱེད་གནང་བ་དེ་ཡང་སྐབས་དེར་རྒྱལ་ཚོགས་ཀྱི་སྐུ་ཚབ་མཆོག་ལ་ཕུལ་ཡོད། སྐབས་དེར་ལྕམ་སྐུ་ཅེན་ཡིའུ་ལིམ་མཆོག་གིས་གསེར་རྟ་བླ་རུང་སྒར་དང་འབྲེལ་བའི་བཀའ་སྤྱི་ཐུན་མོང་གིས་སྤེལ་བའི་གསར་འགོད་གསལ་བསྒྲགས་དང་དུས་ཐུང་གློག་བརྙན་བཅས་རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་ཀྱི་དམིགས་བསལ་སྐུ་ཚབ་མཆོག་ལ་འབུལ་རྒྱུའི་ཁས་ལེན་གནང་འདུག་པ་མ་ཟད།
ལྕམ་སྐུ་མཆོག་གིས་ལས་ཁུངས་སུ་གསེར་རྟ་བླ་རུང་སྒར་ནང་རྒྱ་ནག་གཞུང་གིས་གཏོར་བཤིག་གཏོང་བཞིན་པའི་ཁར་དགེ་བཙུན་མང་པོ་དགོན་པ་ནས་ཕྱིར་འབུད་གཏོང་བཞིན་པའི་གནས་ཚུལ་སྐོར་གོ་རྟོགས་བྱུང་ཡོད་པ་དང་། རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་ཀྱི་དམིགས་བསལ་སྐུ་ཚབ་མཆོག་བོད་ནང་འཚམས་གཟིགས་སུ་ཕེབས་ཆེད་གྲ་སྒྲིག་ཡོད་ཀྱང་རྒྱ་ནག་གཞུང་གིས་ཡ་ལན་དེ་ཙམ་མ་བྱས་པར་ད་བར་ལུས་ཡོད་སྐོར་གསུང་སྐབས། དོན་གཅོད་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་བོད་ནང་དུ་འཚམས་གཟིགས་སུ་མགྱོགས་མྱུར་ཕེབས་ཐབས་གནང་རོགས། ཞེས་རེ་འདུན་ཞུས་འདུག ལྕམ་སྐུ་ཅེན་ཡིའུ་ལིམ་མཆོག་གིས་གསེར་རྟ་བླ་རུང་སྒར་ནང་འཕྲད་བཞིན་པའི་ཛ་དྲག་དཀའ་ངལ་ལ་གདུང་སེམས་མཉམ་སྐྱེ་ཤུགས་ཆེ་ཞུས་འདུག