༢༠༡༦ ཟླ་ ༡༢ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་སྣེ་ཁྲིད་འོག སྤྲུལ་སྐྲུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་ཁོང་གི་ཚ་མོ་ཉི་མ་ལྷ་མོ་ལགས་དང་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་བསོད་ནམས་ལགས་བཅས་ཀྱིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཆོས་དད་རང་དབང་སྲུང་སྐྱོབ་ཀྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ཇེན་ཕི་གལ་ Mr Jan Figel མཆོག་དང་མཇལ་འཕྲད་ཞུས་ནས་ཆུ་ཚོད་གསུམ་ཙམ་རིང་བོད་ནང་བོད་མིའི་ཆོས་དད་རང་དབང་གིས་གཙོས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ཀྱི་སྐོར་གོ་བསྡུར་ལྷུག་པོ་གནང་རྗེས་ཉིན་གུང་ཞལ་ལག་ལྷན་བཞེས་གནང་འདུག
དེ་ཡང་མཇལ་འཕྲད་སྐབས་དམིགས་བསལ་སྐུ་ཚབ་མཆོག་གིས་བོད་མིའི་དཀའ་ངལ་རྣམས་ལ་ཐུགས་སྣང་ཆེན་པོས་གསན་འཇོག་གནང་ཡོད་པ་མ་ཟད། བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་གནང་རྒྱུ་ནི་ཡུ་རོབ་མཐུན་ཚོགས་ཀྱིས་འཛིན་བཞིན་པའི་གཞི་རྩའི་བཟང་སྤྱོད་ཀྱི་ལྟ་གྲུབ་ཀྱི་ལངས་ཕྱོགས་དང་མཐུན་པ་ཞིག་ཡིན་ཞིང་། ༸གོང་ས་མཆོག་གི་ཐུགས་ཀྱིས་དྲང་བདེན་དང་རང་དབང་། འཚེ་བ་མེད་པ་སོགས་གཙིགས་ཆེར་འཛིན་གནང་མཛད་བཞིན་པའི་ཐུགས་ཀྱི་དགོངས་བཞེད་དང་ཡུ་རོབ་མཐུན་ཚོགས་ཀྱིས་འཛིན་བཞིན་པའི་འཆར་སྣང་དེ་དག་མཐུན་པོ་ཡོད་པ་དེ་སྔ་ཡུ་རོབ་མཐུན་ཚོགས་གསར་གཏོད་གནང་མཁན་སྐུ་ཞབས་ཤུ་མན་ Schuman མཆོག་གིས་གསུངས་པ་ལུང་འདྲེན་གནང་ནས་ཁོང་གིས་བོད་མིར་གདུང་སེམས་མཉམ་སྐྱེའི་རྣམ་པ་ཤུགས་ཆེ་བསྟན་འདུག
ཁ་སང་ཡུ་རོབ་གྲོས་ཚོགས་ནང་དཔའ་བོ། ཞེས་པའི་བོད་ཀྱི་དངོས་བྱུང་གློག་བརྙན་བསྟན་འདུག སྐབས་དེར་གྲོས་ཚོགས་འཐུས་མི་རྣམས་ཀྱིས་དོ་སྣང་ཧ་ཅང་གནང་འདུག་པ་མ་ཟད། གྲོས་ཚོགས་འཐུས་མི་མང་པོ་ཞིག་གཟིགས་མོ་གཟིགས་ཆེད་ཕེབས་ཡོད་འདུག གོ་སྒྲིག་གནང་མཁན་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མོལ་ལེ་སི་ཁོ་ཊི་ཀེ་ཊོ་ Molly Scott-Cato མཆོག་དང་སྐུ་ཞབས་ཐོ་མ་སི་མན་ Thomas Mann མཆོག ཡུ་རོབ་མི་མང་ཚོགས་པའི་གྲོས་ཚོགས་འཐུས་མི་ལ་ཛི་ལོ་ཊོ་ཀེ་སི་ Laszlo Tokes མཆོག སྤྱི་ཚོགས་རིང་ལུགས་དང་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ལེ་ཌི་ཡ་གེ་རིན་གར་ཌེ་ཨོ་དེན་བྷག་ Lydia Geringer de Oedenberg མཆོག དེ་བཞིན་གུ་ཡངས་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ན་ཏ་ལི་ཡ་གྷི་རི་སི་བྷེག་ Nathalie Griesbeck མཆོག་བཅས་ཐུན་མོང་ཐོག་ཡིན་འདུག
དེ་ཡང་གཟིགས་མོ་དབུ་འཛུགས་ཀྱིས་ཐོག་མར་སྐུ་ཞབས་མོལ་ལེ་སི་ཁོ་ཊི་ཀེ་ཊོ་ Molly Scott-Cato མཆོག་དང་། གྲོས་ཚོགས་འཐུས་མི་ལ་ཛི་ལོ་ཊོ་ཀེ་སི་ Laszlo Tokes མཆོག་གིས་གསུང་དོན། ཐེངས་འདིར་ང་ཚོས་བོད་ཀྱི་གློག་བརྙན་འདི་ལྟ་བུ་ཡུ་རོབ་གྲོས་ཚོགས་ནང་གཟིགས་འབུལ་ཞུ་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ལས་རིམ་འདི་ལྟ་བུ་བརྒྱུད་ཡུ་རོབ་གྲོས་ཚོགས་ནང་བོད་དོན་གླེང་སློང་ཡོང་འགྱུར་ཕན་ཐོགས་ཡོང་བཞིན་ཡོད། ཅེས་གསུངས།
ཕྱོགས་མཚུངས་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཀྱང་བོད་དོན་གློག་བརྙན་འདི་ལྟ་བུ་བརྒྱུད་ནས་ནུབ་ཕྱོགས་པ་ཚོས་བོད་མིས་རང་ལུས་མེར་སྲེག་བཏང་བའི་གནས་སྟངས་གསལ་རྟོགས་ཐུབ་རྒྱུར་ཕན་ཐོགས་ཡོང་ངེས་ཡིན་སྐོར་སོགས་གསུངས།
གཞན་ཡང་ཕིལ་མི་ཤི་གྲོས་ཚོགས་ Flemish Parliament ཀྱི་ཚོགས་གཙོ་སྐུ་ཞབས་ཇེན་པུ་མན་སི་ Mr Jan Peumans མཆོག་དང་། གྲོས་ཚོགས་ཀྱི་རྒྱལ་སྤྱིའི་འབྲེལ་ལམ་སློབ་སྟོན་པ་ལྕམ་སྐུ་ལེ་ཏེ་ཏི་ཡ་ཝར་ཀིན་ Ms. Laetetia Werquin མཆོག་སོགས་དང་བོད་མིའི་སྐུ་ཚབ་རྣམས་ཀྱིས་མཇལ་འཕྲད་གནང་འདུག མཇལ་འཕྲད་སྐབས་སྐུ་ཚབ་དོན་གཅོད་ནས་དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་གི་གསེར་རྟ་བླ་རུང་སྒར་དགོན་པ་གཏོར་བཤིག་བཏང་བ་མ་ཟད། གྲྭ་བཙུན་རྣམས་ཀྱི་ཞལ་གྲངས་ལ་ཚད་བཀག་བཟོ་བཞིན་ཡོད་པ། དེ་བཞིན་འཆར་ལོའི་ཕྱི་ཟླ་ ༡ ནང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐབས་བོད་ནས་ཆོས་ཞུར་ཕེབས་མཁན་རྣམས་ལ་རྒྱ་ནག་གཞུང་གིས་དམ་བསྒྲགས་དམིགས་བསལ་བྱེད་བཞིན་ཡོད་སྐོར་སོགས་ཞུས་ནས་གྲོས་ཚོགས་ནས་ངེས་པར་དུ་གནད་དོན་དེ་དག་ཐོག་དགོངས་བཞེས་རྒྱབ་སྐྱོར་གནང་ཐབས་ཡོང་བའི་ཞུ་གཏུག་གནང་སྐབས།
གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཇེན་པུ་མན་སི་ Mr Jan Peumans མཆོག་གིས་སྐབས་དེར་སྦར་སེལ་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་ལ་ཡི་གེ་བཏང་ནས་བོད་ནང་ལ་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་དེ་དག་སྐོར་གླེང་སློང་གནང་རྒྱུ་ཡིན་པའི་ཁས་ལེན་ཡང་གནང་འདུག
གཞན་ཡང་བོད་མིའི་སྐུ་ཚབ་རྣམ་པས་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚན་པའི་ནང་རྒྱ་ནག་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་དང་། ཡུ་རོབ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་མཆོག་དང་ལྷན་བོད་རྒྱའི་གནད་དོན་དང་། ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཐོག་གོ་བསྡུར་ལྷུག་པོ་གནང་འདུག་པ་མ་ཟད། སླད་ཀྱང་འབྲེལ་ལམ་རྒྱུན་སྐྱོང་གནང་ཐོག་ཡིག་ཆ་སྤྲོད་ལེན་སོགས་གནང་རྒྱུའི་ཁས་ལེན་ཡང་བྱུང་འདུག
ཕྱེད་ཡོལ་དུ་བོད་མིའི་སྐུ་ཚབ་རྣམ་པས་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ནང་མཉམ་ཞུགས་གནང་འདུག སྐབས་དེར་སྐུ་ཞབས་མོལ་ལེ་སི་ཁོ་ཊི་ཀེ་ཊོ་ Molly Scott-Cato མཆོག་གིས་ལས་རིམ་གཙོ་སྐྱོང་གནང་ཞིང་། ལྷན་ཚོགས་སྐབས་ཚོགས་གཞོན་མཆོག་གིས་གཙོས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་ཁོང་རྣམས་ཀྱི་ཕྱག་རོགས་འབྲེལ་ཡོད་ལས་བྱེད་སོགས་ཕེབས་འདུག
སང་ཉིན་བོད་མིའི་སྐུ་ཚབ་རྣམ་པ་ཕ་རན་སི་རྒྱལ་ས་པེ་རི་སིར་ཕེབས་ནས་གྲོས་ཚོགས་གོང་མའི་ཞོགས་ཟས་ལྷན་འཛོམས་ཐོག་མཉམ་ཞུགས་གནང་རྒྱུ་ཡིན་འདུག །