༢༠༡༦ ཟླ་ ༡༢ ཚེས་ ༨ རེས་གཟའ་མིག་དམར།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༦ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༡༢ ཚེས་ ༥ དགོང་དྲོ་ཆུ་ཚོད་ ༧ ནས་ ༩ བར་ཐེ་ཝན་ཐེ་ཀྲུང་གྲོང་ཁྱེར་དུ་ཆགས་པའི་ཏུང་ཧའེ་གཙུག་ལག་སློབ་གྲྭ་ཆེན་མོ་སྤྱི་ཚོགས་ཚན་པ་ནས་གདན་ཞུ་གནང་དོན་བཞིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ནས་བཙན་བྱོལ་བོད་མི་དང་འགྲོ་བ་མིའི་ཐོབ་ཐང་།
ཞེས་པའི་བརྗོད་གཞིའི་ཐོག་བརྙན་པར་(Power Point)བརྒྱུད་ནས་བོད་ཀྱི་ལོ་རྒྱུས་སྙིང་བསྡུས་དང་། རྒྱ་ནག་གིས་བོད་དུ་ལག་བསྟར་བྱས་པའི་སྲིད་བྱུས་དང་བོད་མིའི་སྡུག་བསྔལ། བཙན་བྱོལ་བོད་མིའི་འབད་བརྩོན་དང་གྲུབ་འབྲས་སོགས་ངོ་སྤྲོད་གནང་རྗེས། སློབ་ཕྲུག་ཚོས་དྲི་བ་མང་པོ་བཏོན་པར་ལན་འདེབས་དང་གསལ་བཤད་ཁ་གསལ་གནང་བར་སློབ་ཕྲུག་ཚོ་བློ་མགུ་པོ་བྱུང་ཞིང་། གཏམ་བཤད་མཇུག་སྒྲིལ་རྗེས་ཀྱང་སློབ་ཕྲུག་ཚོས་ད་དུང་དྲི་བ་མང་པོ་བཏང་བ་དང་། དེའི་ཁོངས་རྒྱ་ནག་ནས་སློབ་སྦྱོང་བྱེད་པར་འབྱོར་བའི་སློབ་ཕྲུག་ཁག་གཅིག་གིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མ་ཐུབ་ཀྱང་། དབུ་མའི་ལམ་ནི་བོད་རྒྱ་མི་རིགས་གཉིས་ལ་ཕན་པ་ཞིག་ཡིན་པས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ཚུལ་སོགས་བརྗོད།
ཐེངས་འདིར་སློབ་ཕྲུག་ཁྱོན་གྲངས་ ༡༥༠ བརྒལ་བས་མཉམ་ཞུགས་གནང་ཡོད་པ་དང་། རྒྱ་ནག་སྐམ་ས་ནས་སློབ་སྦྱོང་བྱེད་མཁན་སློབ་ཕྲུག་གང་མང་ཡོད་པ་མ་ཟད། ཏུང་ཝུ་གཙུག་ལག་སློབ་གྲྭ་ཆེན་མོ་སྤྱི་ཚོགས་ཚན་པ་ནས་བོད་དོན་ངོ་སྤྲོད་ཀྱི་སློབ་ཚན་ཁོངས་ལོ་རེར་ཉུང་མཐར་ཐེ་ཝན་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་ཐེངས་རེ་གདན་ཞུ་གནང་གི་ཡོད་པས་རྒྱ་ནག་གི་སློབ་ཕྲུག་ཚོ་ཡང་མཉམ་ཞུགས་དང་ཟུར་ཉན་བྱེད་པར་ཡོང་བཞིན་འདུག་པ་བཅས།།