༢༠༡༦ ཟླ་ ༡༢ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉེ་ཆར་བོད་ནས་རྒྱ་གར་དུ་གནས་སྐོར་དང་ཆོས་མཇལ་སོགས་སུ་ཕེབས་མཁན་མི་གྲངས་ ༡༠༠༠ ཙམ་ལ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་བཀའ་ཆོས་སྩལ་འདུག
དེ་ཡང་སྐྱབས་འགྲོ་སེམས་བསྐྱེད་ཀྱི་བཀའ་ཆོས་དངོས་སུ་དབུ་འཛུགས་མ་མཛད་གོང་མགོན་པོ་གང་ཉོད་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་བོད་ནས་གནས་སྐོར་དང་གཉེན་འཕྲད་ལ་ཡོང་མཁན་གང་འཚམ་མང་པོ་འདུག ཁྱེད་རང་ཚོ་ཁ་ཤས་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ལ་བསྡད་ཐུབ་ཀྱི་ཡོད་རེད། བོད་ནས་ཚུར་ཡོང་མཁན་ལ་དེ་རིང་ཁ་སང་དམ་བསྒྲགས་ཧ་ཅང་ཆེན་པོ་བྱས་ནས་དཀའ་ངལ་འཕྲད་དེ་ཁག་གཅིག་དུས་འཁོར་དབང་ཆེན་ལ་བསྡད་མ་ཐུབ་ནས་ཕར་ལོག་འགྲོ་དགོས་ཀྱི་ཡོད་པར་བརྟེན། དེ་རིང་ཁྱེད་རང་ཚོ་མང་པོ་ཞིག་འཛོམས་ཡོད་སྟབས་ཆོས་འབྲེལ་ཞིག་བྱས་ན་བསམ་དྲན་བྱུང་། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་དམིགས་ཡུལ་ནི་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་རྒྱུ་ཡིན་སྟབས། དེ་སྒྲུབ་བྱེད་ཀྱི་ཐབས་གཙོ་བོ་ནི་བྱང་ཆུབ་ཀྱི་སེམས་རེད། དེར་བརྟེན་དེ་རིང་སེམས་བསྐྱེད་གཅིག་འདོན་ན་དྲན་བྱུང་།
དེ་རིང་འདིར་འཛོམས་མཁན་ཁྱེད་རང་ཚོ་བོད་རྒྱ་ཆེའི་མི་མང་གི་ཆ་ཤས་ཤིག་རེད། བོད་ནས་ཚུར་ཡོང་བ་ཞིག་རེད། སྤྱིར་ང་ཚོ་བོད་མི་ས་ཡ་དྲུག་བདུན་བཤད་ཀྱི་ཡོད་རེད། གང་ལྟར་བོད་རྒྱ་ཆེའི་མི་མང་དེ་བོད་ལ་ཡོད། ང་ཚོ་འདིར་བཙན་བྱོལ་ལ་ཡོད་པ་དེ་ཉུང་ཤས་ཤིག་རེད། འབུམ་གཅིག་དང་ཕྱེད་ཀ་ལྷག་ཙམ་ཞིག་རེད། བོད་ཀྱི་བདག་པོ་ངོ་མ་དེ་ཁྱོད་རང་ཚོ་བོད་ནང་གི་རྒྱ་ཆེའི་མི་མང་ཚོ་རེད། ད་ཐེངས་འདིར་ཁྱེད་རང་ཚོར་དཀའ་ངལ་ཧ་ཅང་ཆེན་པོ་བྱུང་ཡོད་རེད། ཉེན་ཁ་ཡང་ཆེན་པོ་འཕྲད་ཡོད་རེད། གོང་དུ་བརྗོད་པ་བཞིན་རེད། བར་སྐབས་རྒྱ་མིས་དམ་བསྒྲགས་ཧ་ཅང་བྱེད་ཀྱི་འདུག དངོས་གནས་བྱས་ན་ངས་ཁ་བྲལ་བཤད་ཀྱི་ཡོད་མ་རེད། ང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་བསྡད་ཀྱི་ཡིན་བརྗོད་ཀྱི་ཡོད་རེད། འོན་ཀྱང་རྒྱ་ནག་གཞུང་གིས་ད་དུང་ཏཱ་ལའི་བླ་མ་ཁ་བྲལ་བ་རེད་ཅེས་མུ་མཐུད་ནས་བཤད་ཀྱི་འདུག དེ་དངོས་གནས་བྱས་ན་རྫུན་རེད། ངས་ཁ་བྲལ་རྩོད་ཀྱི་ཡོད་མ་རེད། བོད་དང་རྒྱ། རྒྱ་ནག་གོང་མ་དང་བོད་ཀྱི་ཆོས་རྒྱལ། རྒྱ་ནག་གི་སྐད་ཡིག་དང་བོད་ཀྱི་སྐད་ཡིག་ལོ་ངོ་སྟོང་ཕྲག་གོང་ནས་མི་འདྲ་བ་རེད། རྒྱ་མིས་འབྲས་དང་གྲོ་ཞིབ་ཟ་ཡི་ཡོད་རེད། ང་ཚོས་རྩམ་པ་དང་ཤ་མར་ཟ་ཡི་ཡོད་རེད། གཙོ་བོ་ང་ཚོས་རྩམ་པ་ཟ་ཡི་ཡོད་རེད། དེ་གཉིས་མི་འདྲ་བ་རེད། མི་འདྲ་བ་ཡིན་པ་དེ་མི་འདྲ་བ་རེད་བཤད་རྒྱུ་རེད། ངོས་དང་རྒྱ་མི་ལོ་རྒྱུས་སྨྲ་བ་མཁས་པ་དེ་འདྲ་མང་པོ་ཐུག་མྱོང་། ཁོང་ཚོས་སྔོན་མ་ཐང་རྒྱལ་རབས་དང་། གཞན་རྒྱལ་རབས་ཁག་གི་ནང་བོད་རྒྱ་ནག་གི་མངའ་ཁོངས་རེད་མི་འདུག་ཅེས་བཤད་ཀྱི་འདུག དུས་རབས་བདུན་པ། བརྒྱད་པ། དགུ་པའི་སྐབས་ལ་རྒྱ་ནག་གི་རྒྱལ་པོ་སྟོབས་འབྱོར་མངའ་ཐང་རྒྱས་པ་ཞིག་དང་། སོག་པོའི་རྒྱལ་པོ་སྟོབས་འབྱོར་མངའ་ཐང་རྒྱས་པ་ཞིག བོད་ཀྱི་རྒྱལ་པོ་སྟོབས་འབྱོར་མངའ་ཐང་རྒྱས་པ་བཅས་རྒྱལ་པོ་གསུམ་བཤད་ཀྱི་འདུག
དེ་རྗེས་གླང་དར་མའི་སྐབས་བོད་སིལ་བུར་འཐོར་ནས་ང་ཚོ་ཁ་འཐོར་སོང་སྟེ་ཉམས་ཆག་ཧ་ཅང་ཆེན་པོ་ཕྱིན་པ་རེད། གང་ལྟར་རྒྱ་ཡིག་ནང་ལ་ཐང་རྒྱལ་རབས་སྐབས་ཀྱི་ལོ་བརྒྱ་ཕྲག་གསུམ་ཙམ་གྱི་ཡིག་ཆའི་ནང་བོད་རྒྱལ་ཁབ་རང་བཙན་རང་ལ་བརྩིས་འདུག་ཟེར་གྱི་འདུག མན་ཇུའི་སྐབས་ནས་རྒྱ་ནག་གོང་མ་དང་བོད་ཀྱི་བླ་ཆེན་ཚོ་མཆོད་ཡོན་གྱི་འབྲེལ་བ་བྱུང་སྟེ་རྒྱ་ནག་གོང་མ་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་རེད་ཟེར་ནས། གནམ་བསྐོས་གོང་མ་ཆེན་པོ་ཞེས་བསྔགས་བརྗོད་ཤུགས་ཆེ་བྱས་པའི་ཡིག་ཆ་རྣམས་བེད་སྤྱོད་བྱས་ནས་བོད་རྒྱ་འོག་རེད་ཅེས་ཕྱིས་སུ་དེ་འདྲ་བཤད་ཀྱི་ཡོད་པ་རེད་མ་གཏོགས། སྔར་གྱི་རྒྱའི་ཡིག་རིགས་རྙིང་པའི་ནང་བོད་རྒྱ་ནག་གི་ཁོངས་གཏོགས་ཡིན་པ་དེ་འདྲ་མི་འདུག་ཅེས་ལོ་རྒྱུས་སྨྲ་བ་དེ་ཚོས་ཟེར་གྱི་འདུག
དེ་རིང་ཁ་སང་ལ་ཆ་བཞག་ན་ད་ལྟ་འཛམ་གླིང་དུས་རབས་གསར་པ་ཞིག་གི་སྟེང་སླེབས་ཡོད་དུས་ང་ཚོར་དཔལ་འབྱོར་ཡར་རྒྱས་དགོས་ཀྱི་ཡོད་རེད། ང་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་བསྡད་པ་ཡིན་ན། ང་ཚོའི་དཔལ་འབྱོར་ཡར་རྒྱས་འགྲོ་བར་ཁེ་ཕན་ཡོད་རེད། དེ་དང་ཆབ་ཅིག་རྒྱ་ནག་གིས་བོད་ནང་འཛུགས་སྐྲུན་བྱེད་སྐབས་བོད་ཀྱི་རང་བྱུང་ཁོར་ཡུག་གི་ཐད་ལ་ལྟ་རྟོག་ཡག་པོ་བྱེད་རྒྱུ། གཙོ་ཆེ་ཤོས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ལ་མཐོང་ཆེན་བྱེད་རྒྱུ། དེར་ཐོབ་ཐང་ཡག་པོ་ཞིག་སྤྲད་ན་འགྲིག་གི་འདུག ང་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་བསྡད་ན་དཔལ་འབྱོར་ཡར་རྒྱས་དེ་ཤུགས་ཆེན་པོ་འགྲོ་ཐུབ་ཀྱི་རེད། ང་ཚོའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཐུན་མོང་མ་ཡིན་པ་རྣམས་ང་ཚོས་བདག་པོ་རྒྱག་རྒྱུའི་དབང་ཆ་དང་ཐོབ་ཐང་རྩ་ཁྲིམས་ནང་ཡོད་པ་དེ་ཆ་ཚང་ཞིག་ལག་ལེན་དུ་ཁེལ་བ་བྱུང་ན་གཉིས་ཕན་རེད། བོད་རྒྱལ་རྒྱ་ཕམ་དང་རྒྱ་རྒྱལ་བོད་ཕམ་མིན་པར། བོད་རྒྱ་གཉིས་ཀ་རྒྱལ་ན་ཡག་པོ་འདུག ད་ལྟ་ང་ཚོས་འདི་ནས་བཏོན་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཞེས་པ་དེ་རེད། ང་ཚོ་ཁ་བྲལ་བྱས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་བསྡད་ཀྱི་མིན་ཟེར་བ་དེ་མིན་པར། ང་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་བསྡད་ཀྱི་ཡིན། འོན་ཀྱང་ང་ཚོར་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཙམ་མ་ཟད་ང་ཚོའི་སྐད་ཡིག་དང་། ལྷག་པར་སངས་རྒྱས་པའི་ཆོས་འཛམ་གླིང་འདིའི་སྒང་ལ་སྐད་གྲགས་ཡོད་པ་འདི་ང་ཚོས་བདག་པོ་ཡག་པོ་རྒྱག་དགོས་ཀྱི་ཡོད། དེར་ང་ཚོར་ཐོབ་ཐང་དགོས་ཀྱི་ཡོད་རེད། དེ་ཚོ་ཚང་མ་ཡག་པོ་བྱུང་ན་གཉིས་ཕན་རེད།
ད་ལྟ་རྒྱ་མིའི་དཔོན་རིགས་ཀླད་པ་མཁྲེགས་པོ་ཚོས་ཁ་བྲལ་བ་རེད་ཅེས་བརྗོད་ནས། ཁྱེད་རང་ཚོ་ད་ལྟ་རྒྱ་གར་ལ་ཚུར་ཐུག་ཏུ་ཡོང་དུས་རྒྱ་མིས་དམ་བསྒྲགས་བྱེད་ཀྱི་ཡོད་རེད། དེ་འདྲ་ཡིན་དུས། གང་ལྟར་ཁྱེད་རང་ཚོ་བོད་གཞིས་ལུས་རྒྱ་ཆེའི་མི་མང་གི་ཚབ་རེད། དེ་རིང་འདིར་ཡོང་བ་དེ་དཀའ་ངལ་མང་པོ་ཞིག་དང་། ཉེན་ཁ་ཡོད་ནའང་འདིར་སླེབས་པ་རེད། ཧ་ཅང་དགའ་པོ་བྱུང་། ཧ་ལམ་འདས་པའི་ལོ་ ༦༠ ཙམ་གྱི་རིང་ལ་བོད་མི་རིགས་དམིགས་བསལ་ཟུར་དུ་འཚོ་ཐུབ་པ་གཙོ་བོ་བོད་གཞིས་ལུས་རྒྱ་ཆེའི་མི་མང་གིས་བྱས་པ་རེད། ཁོང་རྣམ་པའི་ལྷག་བསམ་དང་སྙིང་སྟོབས་ཧ་ལས་པ་ཤུགས་ཆེན་པོ་རེད། བོད་པ་གུང་ཁྲན་ཏང་ཡོན་དེ་ཚོ་ཡང་ཧ་ལས་པ་རེད། དཔེར་ན། ངོས་ཀྱི་ངོ་ཤེས་པ་འབའ་པ་ཕུན་ཚོགས་དབང་རྒྱལ་དང་བཀྲ་ཤིས་ཀྲུ་ཞི་ལྟ་བུར་མཚོན་ན་གུང་ཁྲན་ཏང་ཡོན་རེད་དེ། མི་རིགས་ཀྱི་ཞེན་ཁོག་དང་ལ་རྒྱ་ཧ་ལས་པ་རེད། དེ་འདྲ་ཡིན་དུས་ང་ཚོ་བོད་རྒྱ་ཆེའི་མི་མང་གི་ཆབ་སྲིད་ཀྱི་བསམ་བློ་གུང་ཁྲན་ཏང་ཡོན་ཡིན་རུང་མིན་རུང་། གང་ལྟར་མི་རིགས་ཀྱི་ལྟ་བ་དེ་ཧ་ལས་པའི་ཤུགས་ཆེན་པོ་རེད། དུས་ལོག་བྱུང་ནས་དགོན་པ་མང་པོ་ཞིག་རྩ་གཏོར་བཏང་བ་དང་། ཕལ་ཆེར་སྐྱ་སེར་མི་མང་འབུམ་ཕྲག་ཁ་ཤས་ཤིག་དམར་གསོད་བཏང་སྟེ་རྐྱེན་ངན་ཤུགས་ཆེན་བྱུང་ནས་ཉམས་ཆག་ཕྱིན་པ་རེད། སྡུག་བསྔལ་མྱངས་ཡོད། འོན་ཀྱང་བོད་མིའི་སེམས་ཤུགས་དེ་ད་ལྟ་བར་དུ་གནས་ཡོད། ད་དུང་ཡིན་ནའང་གནས་རྒྱུ་རེད། ཁྱེད་རང་ཚོས་ད་ལྟ་ནང་བཞིན་སེམས་ཤུགས་བསྐྱེད་ནས་ཧུར་ཐག་བྱོས། སེམས་ཤུགས་བསྐྱེད་ནས་རྒྱ་ལ་འཛིང་བརྗོད་ཀྱི་མེད། རྒྱ་མི་རིགས་དང་འཆམ་པོ་བྱོས། ལྷག་པར་རྒྱ་རིགས་ནང་པ་ཧ་ཅང་མང་པོ་ཡོད་རེད། དེ་ཚོའི་གྲས་ལ་ང་ཚོས་ཕར་ཕན་ཐོགས་ཐུབ་ཀྱི་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།