༢༠༡༦ ཟླ་ ༡༡ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༠ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༡༠ ཙམ་ལ་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོའི་ Toronto གནམ་ཐང་དུ་བདེ་འཁོད་བྱུང་འདུག སྐབས་དེར་གནམ་ཐང་དུ་བོད་རིགས་སྤྱི་མཐུན་ཚོགས་པའི་སྐུ་ཚབ་འཐུས་མི་རྣམས་ཀྱིས་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས།
གནམ་ཐང་ནས་སྲིད་སྐྱོང་མཆོག་དགའ་ལྡན་ཆོས་ལྡན་གླིང་དུ་ཕེབས་ནས་བོད་རིགས་རྣམས་ལ་གསུང་བཤད་གནང་། དེ་ཡང་ཁོང་གིས་ཚོགས་ཁང་ནང་དོན་གཉེར་ཧ་ཅང་ཆེ་བའི་བོད་རིགས་ཚོར་ཉེ་ལམ་ཁེ་ན་ཌའི་ཧེ་ལི་ཕེག་སི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་སྐབས་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་ལྷན་ཚོགས་དང་གཏམ་བཤད་ལས་རིམ་སོགས་ནང་མཉམ་ཞུགས་གནང་ཡོད་སྐོར་དང་།
གཞན་ཡང་དེ་སྔོན་ཨིན་ཡུལ་རྒྱལ་ས་ལོན་ཌོན་དུ་ཨིན་ཡུལ་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་གིས་གཙོས་གལ་ཆེའི་གནད་ཡོད་གྲོས་ཚོགས་འཐུས་མི་སོགས་དང་མཁས་དབང་། དེ་བཞིན་ཤེས་ཡོན་སློབ་སྟོན་གྱི་མི་སྣ་དང་གསར་འགོད་པ་བཅས་དང་མཇལ་འཕྲད་གནང་རྗེས། རྒྱ་གར་ལྷོ་ཕྱོགས་གྷོ་ཝ་མངའ་སྡེའི་ནང་རྒྱ་གར་མཁས་པའི་ལྷན་ཚོགས་ཐོག་ཇི་ལྟར་མགྲོན་འབོད་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད་སྐོར་དང་།
དེང་སྐབས་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་གནོན་ཤུགས་ཡོད་མིན་ལ་མ་ལྟོས་པར་བོད་མིའི་སྒྲིག་འཛུགས་དང་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚོར་གུས་བཀུར་ཆེ་མཐོང་ཤུགས་ཆེ་རུ་འགྲོ་བཞིན་པའི་རྣམ་པ་ཇེ་ཆེར་འགྲོ་བཞིན་ཡོད་སྐོར་དང་། དེ་བཞིན་རིང་མིན་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ འཚོགས་སྐབས་གོ་སྒྲིག་ཞུ་མཁན་བོད་མིའི་སྒྲིག་འཛུགས་ཡིན་པར་བརྟེན། གཙོ་ཆེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱིས་ཐེངས་འདིར་དུས་དབང་སྐབས། བོད་མི་མི་རབས་རྒན་པ་རྣམས་དང་ཉམ་ཐག དེ་བཞིན་རྒས་གཅོང་རིགས་ལ་བཞུགས་གནས་དང་ལམ་གྲོན། དེ་བཞིན་སྨན་བཅོས་ལྟ་སྐྱོང་གི་མཐུན་འགྱུར་རོགས་རམ་བརྒྱ་ཆ་བརྒྱ་ནས་བརྒྱ་གནང་རྒྱུ་དང་། དམིགས་བསལ་གཟིགས་སྐྱོང་འོག་བཀའ་ཆོས་ཞུ་རྒྱུར་མཐུན་འགྱུར་གང་ལེགས་སྦྱར་ཐབས་གནང་རྒྱུ་མ་ཟད།
དེ་བཞིན་དུས་དབང་སྐབས་དུས་མིན་འཆི་བ་སོགས་མི་ཤི་རྐྱེན་ཆག་རིགས་ལ་སྲོལ་རྒྱུན་ལྟར་བསྔོ་སྨོན་དང་ཕུང་པོ་མེར་སྲེག་གཏང་རྒྱུས་མཚོན་མཐུན་འགྱུར་རོགས་རམ་གང་ཐུབ་སྦྱར་ཐབས་བྱ་རྒྱུ་ཡིན་སྐོར་སོགས་གསུངས་རྗེས། སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་དོན་གནང་ཕྱོགས་དང་འབྲེལ་བའི་སྐོར་སོགས་ངོ་སྤྲོད་གནང་འདུག
ཕྱི་ཚེས་ ༢༢ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་ཁེ་ན་ཌའི་གྲོང་ཁྱེར་ཨོ་ཊ་བའི་ Ottawa ནང་དུ་ཕེབས་ནས་ཁུལ་དེར་བོད་རིགས་རྣམས་ལ་གསུང་བཤད་གནང་རྒྱུ་མ་ཟད། གསར་འགོད་པ་དང་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིས་གཙོས་གནད་ཡོད་མི་སྣ་སོགས་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག མཇལ་འཕྲད་གོ་སྒྲིག་ཞུ་མཁན་ཁེ་ན་ཌ་བོད་རིགས་མཐུན་ཚོགས་པ་ཡིན་འདུག་པ་བཅས།།