༢༠༡༦ ཟླ་ ༡༡ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༥ ཉིན་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་དོན་ཁང་གི་བོད་དོན་རྒྱབ་སྐྱོར་ཚན་པའི་ལས་བྱེད་རིག་འཛིན་ཆོས་སྒྲོན་ལགས་གཉིས་ཀྱིས་ཡུ་རོབ་གྲོས་ཚོགས་ European Parliament སུ་གྲོས་ཚོགས་འཐུས་མི་སྐུ་ཞབས་པན་ཛེ་རི་ Pier Antonio Panzeri མཆོག་དང་ཁོང་གི་ལས་རོགས་ཁག་གཅིག་མཇལ་འཕྲད་ཞུས་འདུག དེ་ཡང་ཨི་ཊ་ལི་ནས་ཡིན་པའི་སྐུ་ཞབས་པན་ཛེ་རི་མཆོག་ནི་ཡུ་རོབ་གྲོས་ཚོགས་ཀྱི་སྤྱི་ཚོགས་རིང་ལུགས་དང་མང་གཙོའི་རིང་ལུགས་ཀྱི་ཡར་ཐོན་སྣ་འབྲེལ་ཚོགས་པའི་ཚོགས་མི་ཡིན་ཞིང་། ཐེངས་འདིའི་མཇལ་འཕྲད་དེ་ནི་གཙོ་བོ་ཡུ་རོབ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་མུ་མཐུད་གནས་ཆེད་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་གྱི་ཚོགས་མི་གང་མང་ལ་ཞུ་གཏུགས་ལས་འགུལ་སྤེལ་རྒྱུའི་ཆེད་ཡིན་འདུག་པ་དང་། ལྷག་པར་ཡུ་རོབ་གྲོས་ཚོགས་ནང་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཚོགས་པའི་ཚོགས་མིའི་ཁྲོད་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་ཐབས་ཆེད་ཡིན་འདུག
སྤྱིར་སྐུ་ཞབས་པན་ཛེ་རི་མཆོག་གིས་ཉེ་ལམ་སྐུ་ཚབ་དོན་ཁང་གི་ལས་དོན་ཐོག་རྒྱབ་སྐྱོར་གནང་བ་མ་ཟད། ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་ཆུང་ནང་བོད་དོན་སྐོར་གླེང་སློང་གནང་སྐབས་ཞུ་གཏུགས་ཀྱི་ལས་འགུལ་ཇི་འདྲ་སྤེལ་དགོས་མིན་ཐད་ལམ་སྟོན་ཡང་གནང་ཡོད། བོད་ཀྱི་གནད་དོན་ཐོག་ཡུ་རོབ་གྲོས་ཚོགས་ནང་རྒྱབ་སྐྱོར་མུ་མཐུད་གནང་བཞིན་ཡོད་པ་དེ་ནི་གཙོ་བོ་ཆབ་སྲིད་ཚོགས་པ་གཙོ་གྲས་ཁག་གིས་བོད་མི་དང་༸གོང་ས་མཆོག་ལ་རྒྱབ་སྐྱོར་ཤུགས་ཆེ་ཞུ་བཞིན་པར་བརྟེན་ཡོང་བཞིན་ཡོད། སྐུ་ཞབས་པན་ཛེ་རི་མཆོག་དང་མཇལ་འཕྲད་སྐབས་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཁོང་ནས་བོད་མི་དང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བ་བརྒྱུད་ཡུ་རོབ་གྲོས་ཚོགས་ནང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གླེང་སློང་གནང་སྟེ། ཡུ་རོབ་སྤྱི་མཐུན་ཚོགས་པ་དང་ཡུ་རོབ་གྲོས་ཚོགས་ངོས་ནས་བོད་དོན་ཐོག་ངེས་པར་དུ་སྔར་ལས་ལྷག་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་དགོས་པའི་ཞིབ་ཕྲ་སྙན་སེང་ཞུས་གནང་བ་དེར་ཡི་རང་བསྔགས་བརྗོད་ཞུས་པ་དང་སྦྲགས་བཀའ་དྲིན་ཆེ་ཞུས་ཡོད། སྐུ་ཞབས་པན་ཛེ་རི་མཆོག་ནས་ཀྱང་སྐབས་དེར་དེང་སྐབས་རྒྱ་ནག་གི་སྟོབས་ཤུགས་དེ་འཛམ་གླིང་ཀུན་ལ་ཁྱབ་ཡོད་པ་ཧ་ཅང་གསལ་པོ་ཡིན་ནའང་། ཁོང་ནས་ཡུ་རོབ་གྲོས་ཚོགས་ནང་ཁོང་གི་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་མིའི་དངོས་ཡོད་དཀའ་ངལ་རྣམས་གསལ་བཤད་སོགས་ལས་འགུལ་སྤེལ་བ་བརྒྱུད་གང་ཐུབ་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་ཡོང་ཐབས་སླད་འབད་བརྩོན་གནང་རྒྱུའི་ཁས་ལེན་ཡང་གནང་ཡོད། སྤྱིར་ཐེངས་འདིར་མཇལ་འཕྲད་སྐབས་སྐུ་ཞབས་པན་ཛེར་མཆོག་གི་ཕྱི་འབྲེལ་ལས་དོན་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་སློབ་སྟོན་པ་རྒན་པ་ལྕམ་སྐུ་སྦ་ཏེ་ལི་ Bataille ལགས་དང་ཁོང་མོའི་ཕྱག་རོགས་སྐུ་ཞབས་ཇོར་ཇི་ Giorgi ལགས་སོགས་ཀྱང་མཉམ་ཞུགས་གནང་འདུག །