༢༠༡༦ ཟླ་ ༡༡ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༩ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་སྣེ་ཁྲིད་པའི་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ཚོགས་ཆུང་ཞིག་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གྱིས་ཁུལ་དེར་རྒྱ་གར་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུགས་གནང་རྒྱུ་ཡིན་འདུག དེ་ཡང་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གྲོས་ཚོགས་ནང་དགུན་དུས་གྲོས་ཚོགས་འཚོགས་སྐབས་དང་བསྟུན། ཐེངས་འདིར་སྤྱི་འཐུས་རྣམ་པས་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་མཇལ་འཕྲད་ཞུས་ནས་བོད་ཀྱི་གནད་དོན་གསལ་ཆེད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་མ་ཟད། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་ལྷན་ཚོགས་གནང་ནས་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་ཤུགས་ཆེ་གཏོང་རྒྱུ་སོགས་ཀྱི་སླད་བཀའ་བསྡུར་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༡༦ ནས་དབུ་འཛུགས་གནང་བའི་རྒྱ་གར་གྲོས་ཚོགས་ཀྱི་དགུན་དུས་གྲོས་ཚོགས་དེ་བཞིན་ཕྱི་ཟླ་ ༡༢ ཚེས་ ༡༦ ཉིན་མཇུག་སྒྲིལ་གནང་རྒྱུ་ཡིན་འདུག་པ་བཅས།།