༢༠༡༦ ཟླ་ ༡༡ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །རྡ་སར་རྟེན་གཞི་བྱས་པའི་དབུས་བོད་ཀྱི་སྨན་རྩིས་ཁང་གི་༸སྐུའི་སྨན་ཞབས་པ་བསྟན་འཛིན་མཐའ་ཡས་ལགས་ཀྱི་སྣེ་ཁྲིད་འོག སྨན་དང་རྩིས་ཀྱི་སྡེ་ཚན་ནས་ལས་བྱེད་ལྔ་བཅས་ཀྱིས། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༡ ནས་འགོ་འཛུགས་ཀྱི་ཉིན་ ༢༠ རིང་ཐེ་ཝན་ Taiwanགྲོང་ཁྱེར་ས་ཁུལ་འདྲ་མིན་ནང་སྐོར་བསྐྱོད་གནང་ནས་སྨན་རྩིས་སྐོར་གྱི་གཏམ་བཤད་དང་འགྲེམས་སྟོན། ནད་པ་འདྲ་མིན་ལ་སྨན་བཅོས་བརྟག་དཔྱད་དང་། དེ་བཞིན་རིན་མེད་རྩིས་སྐོར་སོགས་བོད་མིའི་ཐུན་མིན་རིག་གནས་སྐོར་གོ་རྟོགས་སྤེལ་རྒྱུ་ཡིན་འདུག
ཐེངས་འདིར་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ Taipei དང་། ཐེ་ཛོང་། Taizhong དེ་བཞིན་ཀའོ་ཤོང་ Kaoshiung བཅས་གྲོང་ཁྱེར་ཆེ་ཁག་ནང་གི་བོད་ཀྱི་གསོ་བ་རིག་པ་དང་སྐར་རྩིས་ཀྱི་འགྲེམས་སྟོན་སྐོར་བསྐྱོད་ལས་གཞི་དེ་ཐེ་ལྦན་སྐུ་ཚབ་དོན་ཁང་དང་ཚོགས་སྐྱིད་འདྲ་མིན་ཁག་གཅིག་མཉམ་རུབ་ཐོག་ནས་གོ་སྒྲིག་གནང་བ་ཞིག་ཡིན་འདུག
ཕྱི་ཚེས་ ༡༥ ཉིན་གྱི་ཕྱེད་ཡོལ་སྐར་རྩིས་རིག་པ་བ་བསོད་ནམས་དབྱངས་སྐྱིད་ལགས་དང་སྨོན་ལམ་ཡེ་ཤེས་ལགས་ཀྱིས་གཏམ་བཤད་གནང་སྐབས་མི་མང་ ༢༥༠ ཙམ་ཕེབས་ཡོད་འདུག ཕྱོགས་མཚུངས་ཕྱི་ཚེས་ ༡༢ ཉིན་སྨན་པ་བསྟན་འཛིན་མཐའ་ཡས་ལགས་ཀྱིས་ཚོགས་དུས་གཉིས་རིང་བོད་ཀྱི་གསོ་བ་རིག་པ་དང་གཞི་རྩའི་བོད་སྨན་གྱི་ལམ་ལུགས་སྐོར་གཏམ་བཤད་གནང་བར་མི་མང་ཚོས་དོ་སྣང་ཆེན་པོ་གནང་ཡོད། ཐེངས་འདིའི་སྐོར་བསྐྱོད་དེ་བཞིན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་གྱི་ཆ་ཤས་ཤིག་ཀྱང་ཆགས་ཡོད།