༢༠༠༨།༡༡།༡༣
བོད་མིར་ཁྲིམས་གཅོད་མུ་མཐུད་བྱེད་བཞིན་ཡོད་པ་གསར་དུ་ཤེས་རྟོགས་བྱུང་བ་ཁག
༄༅། །གཞིས་ལུས་བོད་མི་རྣམས་ནས་ལུས་སྲོག་ལོངས་སྤྱོད་ལ་ལྟོས་མེད་ཀྱིས་བོད་དོན་བདེན་མཐའ་གསལ་ཐབས་ཆེད་ལས་འགུལ་རིམ་སྤེལ་གནང་བར་རྒྱ་གཞུང་གིས་བསད་རྨས་གཙིར་གནོན་དང་། རྡུང་རྡེག་ཚ་ནན། འཛིན་བཟུང་བཙོན་འཇུག་བྱས་པ་ཁག་སོགས་ཕྱི་ཕྱོགས་ནས་བརྒྱ་ཆ་ལྔ་བཅུ་ལྷག་ཤེས་རྟོགས་མེད་ཚུལ་བོད་རང་ནས་བོད་མི་ཞིག་གིས་ངུ་འབོད་དང་བཅས་འགྲེལ་བརྗོད་བྱེད་བཞིན་འདུག་ཀྱང་། འདི་ནས་ད་བར་གནས་ཚུལ་ཤེས་རྟོགས་གང་བྱུང་བ་རྣམས་དུས་ནས་དུས་སུ་གསར་འགོད་གསལ་བསྒྲགས་དང་། གཟུ་བོར་གནས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་མདུན་སར་ཞུ་གང་ཐུབ་བྱེད་བཞིན་ཡོད་པ་ལྟར་ཁུངས་ལྡན་གནས་ཚུལ་གསར་དུ་ཤེས་རྟོགས་བྱུང་བ་ཁག་ནི།
༡།ཕྱི་ཟླ་ ༡༡ ཚེས་ ༡༡ ཉིན་སི་ཁྲོན་ཞིང་ཆེན། རྔ་པ་བོད་རིགས་རང་སྐྱོང་ཁུལ། མཛོད་དགེ་རྫོང།མི་དམངས་ཁྲིམས་ཁང་ནས། རྫོང་དེའི་ཁྱབ་ཁོངས་ཐང་སྐོར་སོག་ཚང་དགོན་པའི་གྲྭ་ཚུལ་ཁྲིམས་རྒྱ་མཚོ་རང་ལོ་ ༣༥ དང་། ཚུལ་ཁྲིམས་འབྱུང་གནས།རང་ལོ་ ༢༩ ཐུབ་བསྟན་ནམ་བློ་བཟང་ཐུབ་བསྟན་རང་ལོ་ ༢༥ བཅས་ལ་བཙོན་འཇུག་ཁྲིམས་ཐག་ལོ་ ༢ རེ་བཅད་དེ་སི་ཁྲོན་གྱི་ཁོངས་གཏོགས་མེན་ཡང་ཞེས་པའི་ས་ཆར་གཏོང་རྒྱུ་གཏན་འཁེལ་ཟིན་ཡོད་འདུག ཁོང་རྣམས་ཕྱི་ཟླ་ ༣ པའི་ཞི་རྒོལ་སྐབས་འཛིན་བཟུང་བྱས་པ་ཡིན་འདུག
༢།ཕྱི་ཟླ་ ༡༡ ཚེས་ ༥ ཉིན་མཛོད་དགེ་རྫོང་གི་ཉེན་རྟོག་པ་ཁག་ཅིག་ཐང་སྐོར་སོག་ཚང་དགོན་པའི་ནང་ཡོང་སྟེ་ཉེ་སྔོན་གློད་བཀྲོལ་བཏང་བའི་གྲྭ་པ་ ༡༦ ལ་འདྲི་བརྩད་ཀྱིས་མཇུག་ཏུ་ཁོང་ཚོ་དང་མཉམ་དུ་པར་ཞིག་ཀྱང་བརྒྱབས་ཡོད་འདུག་པ་དང་། ད་དུང་ཐང་སྐོར་དགོན་དུ་རྫོང་གི་ཉེན་རྟོག་པ་དང་འབྲེལ་ཡོད་ལས་བྱེད་ཁག་ཅིག་སྡོད་གནས་ཀྱང་རྒྱག་བཞིན་པ་བཅས་ཀྱི་དམ་དྲག་མུ་མཐུད་གནས་མུས་ཡིན་འདུག
༣།ཕྱི་ཟླ་ ༡༡ ཚེས་ ༡༡ ཉིན་འདི་ནས་གནས་ཚུལ་སྤེལ་བའི་ནང་ཕྱི་ཟླ་ ༡༡ ཚེས་ ༦ ཉིན་དར་མདོ་ཁྲིམས་ཁང་ནས་དཀར་མཛེས་གྲོང་ཁྱེར་ནས་ཡིན་པའི་བཙུན་མ་ཞིག་(མིང་ཤེས་རྟོགས་བྱུང་མེད་)དང་། དཀར་མཛེས་བན་དེ་སྒང་གྲོང་པ་ནས་ཡིན་པའི་བུ་མོ་པདྨ་ཆོས་མཚོ་གཉིས་ལ་ལོ་ ༤ རེའི་ཁྲིམས་ཐག་བཅད་ཡོད་འདུག ཅེས་བཀོད་ཡོད་ཀྱང་རྗེས་སུ་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱུང་བ་ལྟར་ན་གོང་གསལ་གཉིས་ཀྱི་མིང་སོགས་ཞིབ་ཕྲ་ནི། བྲག་དཀར་བཙུན་དགོན་གྱི་བཙུན་མ་དཀར་མཛེས་རྫོང་ཐོག་ནས་ཡིན་པ་ལྷ་ཕྲུག་ལྷག་པ་ཆོས་མཚོ་ རང་ལོ་ ༢༤ དང་། བན་དེ་སྒང་ནས་ཡིན་པ་རིན་ཆེན་རྡོ་རྗེའི་བུ་མོ་པདྨ་ཆོས་མཚོ་(པད་པད་) ༼སྔོན་མ་བྲག་དཀར་བཙུན་དགོན་གྱི་བཙུན་པ་ཡིན།༽ གཉིས་ཡིན་འདུག་ཅིང་ཁོང་གཉིས་ཀྱིས་ཕྱི་ཟླ་ ༥ ཚེས་ ༧ ཉིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་གནང་ཡོད་འདུག
༤།ཕྱི་ཟླ་ ༡༡ ཚེས་ ༥ ཡས་མས་སུ་དར་རྩེ་མདོ་ཁྲིམས་ཁང་ནས་བྲག་འགོ་རྫོང་ལྗང་མདའ་ནས་ཡིན་པ་གྲྭ་ཚེ་དབང་གྲགས་པ་ལ་བཙོན་འཇུག་ཁྲིམས་ཐག་ལོ་ ༥ དང་། རྟའུ་ནས་ཡིན་པ་ཐུབ་བསྟན་རྒྱ་མཚོ་ལ་ལོ་ ༤ མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། རྫ་སྟོད་རྫོང་ནས་ཡིན་པ་གྲྭ་བྱང་སེམས་ཉི་མ་(ཀརྨ་ཆོས་འཕེལ་)ལ་ལོ་ ༣ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག ཁོང་རྣམས་ནི་ཕྱི་ཟླ་ ༦ ཚེས་ ༦ ཉིན་བྲག་འགོ་རྫོང་དུ་གངས་སེང་རྟགས་ཅན་བོད་ཀྱི་རྒྱལ་རྟགས་འཁོད་པའི་ཐོག་ཡིག་ཆ་འབོར་ཆེན་འགྲེམས་སྤེལ་གྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་མཁན་ཡིན།
5།ཕྱི་ཟླ་ ༥ ཚེས་ ༡༤ ཉིན་གསེར་རྟ་རྫོང་དུ་ཞི་རྒོལ་གནང་མཁན་ཁམས་གོ་འཇོ་ནས་ཡིན་པ་འབུམ་དགའ་ལ་ཉེ་བའི་ཆར་དར་རྩེ་མདོ་ནས་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
༦།ཆབ་མདོ་ནས་ཡིན་པ་བཀྲ་ཤིས་འོད་ཟེར་ལགས་ཀྱིས་ལྷ་སར་འབྲེལ་ཡོད་ལ་ཁ་པར་བཏང་ནས་བོད་རང་བཙན་ཐོབ་མིན་སྐོར་སྐད་ཆ་དྲིས་པར་བརྟེན། ཉེན་རྟོག་པས་གོ་ཐོས་བྱུང་སྟེ་ལོ་ ༡ ཁྲིམས་ཐག་བཅད་ཡོད་པ་རེད་འདུག་པ་བཅས།
གོང་གསལ་གནས་ཚུལ་རྣམས་ནི་འདིར་འབྲེལ་ཡོད་ཁག་ནས་མཁོ་སྤྲོད་གནང་བ་དང་། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་ཐོན་པ་ལས་དཔེ་མཚོན་ཙམ་ཟུར་འདོན་བྱས་པ་ཡིན་པས། ད་ལྟ་རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་ཧ་ཅང་དམ་དྲག་དང་འཇིགས་སྐུལ་བྱེད་བཞིན་ཡོད་པ་གསལ་པོ་རེད།
བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས།
ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༣ ལ།
ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ། ང་ཚོས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱལ་སྤྱིའི་མི་སྤྱོད་ལས་འདས་པའི་མནར་གཅོད་འགོག་པའི་ཚོགས་པའི་ལམ་སྟོན་ལྟར་རྒྱ་གཞུང་ནས་ལག་བསྟར་འཕྲལ་མར་ཡོང་བ་དང་། གཤམ་གསལ་ཛ་དྲག་གི་རེ་འབོད་ཞུ་བཞིན་ཡོད།
- བོད་ཡོངས་སུ་རྒྱལ་སྤྱིའི་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་པ་ཁག་འཕྲལ་དུ་གཏོང་དགོས་པ།
- རིས་སུ་མ་ཆད་པའི་གསར་འགོད་པ་རྣམས་བོད་ས་ཡོངས་སུ་གཏོང་དགོས་པ།
- བོད་ས་ཡོངས་སུ་དྲག་གནོན་གསོད་བརྡུང་གི་སྦྱོར་ངན་འཕྲལ་དུ་མཚམས་འཇོག་དགོས་པ།
- འཛིན་བཟུང་དང་བཙོན་འཇུག་བྱས་པའི་བཙོན་པ་ཡོངས་འཕྲལ་དུ་གློད་དགོས་པ།
- བོད་མིའི་ཐོག་དྲང་བདེན་མིན་པའི་ཁྲིམས་ཐག་གཅོད་བཞིན་པ་རྣམས་འཕྲལ་དུ་མཚམས་འཇོག་དགོས་པ།