༢༠༠༨།༡༡།༦
༄༅། །ད་ལོ་བོད་ཆོལ་ཁ་གསུམ་གྱི་ཁྱོན་ཡོངས་ནས་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་རིམ་པར་གནང་བ་རྣམས་ལ་རྡུང་གཅོག་འཕྲོག་སྲེག་ཅེས་པའི་ཉེས་འཇུགས་ཐོག་བོད་རང་སྐྱོང་ལྗོངས་ཞེས་པའི་ཁོངས་ནས་ད་ཕན་བོད་མི་ ༥༥ ལྷག་ལ་ཁྲིམས་ཐག་བཅད་ཟིན་ཡོད་ལུགས་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ནས་ཐོན་བཞིན་ཡོད་པ་དང་། ཉིན་ཤས་ནས་བཟུང་རང་སྐྱོང་ལྗོངས་ལས་གཞན་པའི་བོད་ཀྱི་ས་ཁུལ་ཁག་ནས་ཉིན་རེ་བཞིན་བོད་མི་རྣམས་ལ་ཁྲིམས་ཐག་མུ་མཐུད་གཅོད་བཞིན་ཡོད་པ་རེད། རྒྱ་ནག་གིས་ཕྱོགས་གཅིག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ལྷན་འབྲེལ་མོལ་གནང་བཞིན་ཡོད་ཀྱང་ཕྱོགས་གཞན་ཞིག་ནས་དུས་སྐབས་དེ་རང་ལ་དྲང་བདེན་མིན་པའི་ཁྲིམས་གཅོད་བྱེད་ཤུགས་ཆེ་རུ་བཏང་དང་གཏོང་བཞིན་པ་འདིས་བོད་མི་རིགས་ཀྱི་བདེ་དོན་ལ་འགན་ཁུར་རྩ་བ་བྱེད་ཀྱི་མེད་པ་གསལ་པོ་ཡིན་པ་རེད།
༡༽ཁུངས་ལྡན་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༣ ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ་རྔ་བ་ཁུལ་འབར་ཁམས་ཁྲིམས་ཁང་ནས་ཕ་ཡུལ་རྔ་བ་དམར་ཐང་རྫོང་ཁྱུང་མཆུ་གྲོང་བརྡལ་ནས་ཡིན་པ་དབལ་བཟའ་ནོར་འཛིན་དབང་མོ་ལ་བོད་དོན་སྐོར་དྲ་ཐོག་དང་ཁ་པར་བརྒྱུད་ནས་ཕྱི་རྒྱལ་ལ་དྲིལ་བསྒྲགས་བྱས་པའི་ཉེས་འཛུགས་ཀྱིས་བཙོན་འཇུག་ཁྲིམས་ཐག་ལོ་ ༥ བཅད་འདུག
༢༽ཕྱི་ཟླ་ ༡༡ ཚེས་ ༤ ཉིན་གུང་ཆུ་ཚོད་ ༢ ཐོག་རྔ་པ་རྫོང་མི་དམངས་ཁྲིམས་ཁང་ནས་རྡུང་གཅོག་འཕྲོག་སྲེག་གི་ཉེས་འཛུགས་ཐོག་རྔ་པ་རྫོང་། གཅའ་ཤང་གི་བོད་རྭ་རུ་བའི་དར་རྒྱས་(རང་ལོ་ ༢༦)ལ་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། དེ་བཞིན་གཅའ་ཤང་ནགས་ཚང་མའི་འཛམ་བྷ་(ང་ལོ་ ༣༥)དང་། གཅའ་ཤང་ནགས་ཚང་མའི་ནང་རིན།(རང་ལོ་ ༣༦)གཉིས་ལ་ལོ་ ༤ རེ་བཙོན་འཇུག་ཁྲིམས་ཐག་བཅད་འདུག
༣༽ཕྱི་ཟླ་ ༡༡ ཚེས་ ༥ ཉིན་གུང་ཆུ་ཚོད་ ༢ སྟེང་གོང་གསལ་ཁྲིམས་ཁང་ནས་རྡུང་གཅོག་འཕྲོག་སྲེག་གི་ཉེས་འཛུགས་འོག་རྔ་པ་རྨེའུ་རུ་མའི་དབུར་འཇམ་ཚང་གི་ཆོས་འཕེལ་(རང་ལོ་ ༣༣)དང་། རྔ་པ་གཅའ་ཤང་རྭ་རུ་བའི་སངས་རྒྱས་(རང་ལོ་ ༢༤)གཉིས་ལ་བཙོན་འཇུག་ཁྲིམས་ཐག་ལོ་ ༤ རེ་དང་། རྔ་པ་རྨེའུ་རུ་མའི་རྭ་ཚང་གི་ཚེ་བདག་(རང་ལོ་ ༣༡)ལ་བཙོན་འཇུག་ཁྲིམས་ཐག་ལོ་ ༦ བཅས་བཅད་ཡོད་འདུག ཁོང་ཚོ་ལ་ཁྲིམས་ཐག་གཅོད་སྐབས་རྒྱ་གཞུང་གི་ལས་བྱེད་མང་པོ་གོ་སྒྲིག་བྱས་ནས་ཡོང་ཡོད་པ་ལས་དོ་བདག་གི་ནང་མི་རེ་གཉིས་མ་གཏོགས་ཁྲིམས་ཐག་གཅོད་སར་འགྲོ་བཅུག་ཡོད་མི་འདུག
4༽ཡང་ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་དྲ་རྒྱ་ནང་གསལ་ལྟར་ན། ལྷུན་གྲུབ་རྫོང་ཁོངས་བསྟན་འཛིན་ཡེ་ཤེས་ལ་ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་ནས་ལོ་ ༡༤ བཙོན་འཇུག་ཁྲིམས་ཆད་བཏང་ཡོད་འདུག་པ་བཅས།
གོང་གསལ་གནས་ཚུལ་རྣམས་ནི་འདིར་འབྲེལ་ཡོད་ཁག་ནས་མཁོ་སྤྲོད་གནང་བ་དང་། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་ཐོན་པ་ལས་དཔེ་མཚོན་ཙམ་ཟུར་འདོན་བྱས་པ་ཡིན་པས། ད་ལྟ་རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་ཧ་ཅང་དམ་དྲག་དང་འཇིགས་སྐུལ་བྱེད་བཞིན་ཡོད་པ་གསལ་པོ་རེད།
བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས།
ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༦ ལ།
ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ། ང་ཚོས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱལ་སྤྱིའི་མི་སྤྱོད་ལས་འདས་པའི་མནར་གཅོད་འགོག་པའི་ཚོགས་པའི་ལམ་སྟོན་ལྟར་རྒྱ་གཞུང་ནས་ལག་བསྟར་འཕྲལ་མར་ཡོང་བ་དང་། གཤམ་གསལ་ཛ་དྲག་གི་རེ་འབོད་ཞུ་བཞིན་ཡོད།
- བོད་ཡོངས་སུ་རྒྱལ་སྤྱིའི་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་པ་ཁག་འཕྲལ་དུ་གཏོང་དགོས་པ།
- རིས་སུ་མ་ཆད་པའི་གསར་འགོད་པ་རྣམས་བོད་ས་ཡོངས་སུ་གཏོང་དགོས་པ།
- བོད་ས་ཡོངས་སུ་དྲག་གནོན་གསོད་བརྡུང་གི་སྦྱོར་ངན་འཕྲལ་དུ་མཚམས་འཇོག་དགོས་པ།
- འཛིན་བཟུང་དང་བཙོན་འཇུག་བྱས་པའི་བཙོན་པ་ཡོངས་འཕྲལ་དུ་གློད་དགོས་པ།
- བོད་མིའི་ཐོག་དྲང་བདེན་མིན་པའི་ཁྲིམས་ཐག་གཅོད་བཞིན་པ་རྣམས་འཕྲལ་དུ་མཚམས་འཇོག་དགོས་པ།