༢༠༡༦ ཟླ་ ༡༠ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༥ རེས་གཟའ་སྤེན་པའི་ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་དགུ་འཁོར་བའི་རྗེས་དྲན་དང་རྟེན་འབྲེལ་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་འདུག
སྐབས་དེར་སྐུ་མགྲོན་གཙོ་བོ་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ཀྱིས་གཙོ་ཆེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་པ་འཕྲིན་ལས་རྣམས་ངོ་སྤྲོད་སྙིང་བསྡུས་གནང་བ་དང་སྦྲགས། རང་ཅག་གངས་ཅན་པ་རྣམས་ཀྱིས་མགོན་པོ་གང་ཉིད་མཆོག་གི་བཀའ་དྲིན་དྲན་པའི་ཐོག་ནས་རྒྱབ་མདུན་ངོ་ལྐོག་མེད་པར་བཀའ་སྲུང་ཅི་སྒྲུབ་ཞུ་སྒོ་ཐ་དག་ལྷོད་གཡེང་མེད་པར་དང་ལེན་ཞུ་རྒྱུ་དེ་མིང་དོན་མཚུངས་པའི་བཀའ་དྲིན་རྗེས་དྲན་ཞུ་བ་ཞིག་ཆགས་རྒྱུ་ཡིན་སྐོར་སོགས་གསུངས།
གོང་ཚེས་ཉིན་གྱི་དགོང་མོ་ནིའུ་ཡོག་དང་། ནིའུ་འཇར་སི་ཁུལ་གྱི་བོད་རིགས་གཞོན་སྐྱེས་ ༣༢ ཙམ་དང་ཐུག་འཕྲད་གནང་སྐབས། སྐུ་ཚབ་དོན་གཅོད་མཆོག་ནས་ཆུ་ཚོད་ ༢ ཙམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཡོངས་ཀྱི་གནང་སྟངས་དང་། ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་ལས་དོན་བྱེད་ཕྱོགས། དབུ་མའི་ལམ་གྱི་སྲིད་བྱུས་བཅས་དབྱིན་བོད་སྐད་ཡིག་གཉིས་ཀྱི་ཐོག་ནས་ངོ་སྤྲོད་གནང་། སྐབས་དེར་སློབ་ཕྲུག་ཚོས་ཟབ་དྲུང་ངང་དོ་སྣང་ཆེན་པོས་ཉན་རྗེས་ཆབ་སྲིད་དང་། དཔལ་འབྱོར། སྐད་ཡིག་བཅས་ཀྱི་སྐོར་དྲི་བ་བཏོན་པ་རྣམས་ལ་དོན་གཅོད་ནས་ལན་འདེབས་གསལ་བཤད་གནང་འདུག
ཕྱི་ཟླ་བ་ ༡༠ ཚེས་ ༡༩ ཉིན་སྐུ་ཚབ་དོན་གཅོད་མཆོག་བོད་ཀྱི་ཐེབས་རྩ་ཁང་གི་དགོང་དྲོའི་གསོལ་སྟོན་ལ་ཕེབས། གོ་སྐབས་འདི་བརྒྱུད་གསོལ་སྟོན་ཕེབས་པའི་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཀྱི་ལྕམ་ནན་སི་པི་ལོ་སི་མཆོག་དང་། གྲོས་ཚོགས་ཀྱི་འཐུས་མི། གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་རི་ཆ་ཌི་གེར། དེ་བཞིན་ཚན་རིག་པ་དང་། བོད་དོན་རྒྱབ་སྐྱོར་བ། བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཡོད་མཁན་བཅས་ཁྱོན་མི་སྣ་ ༥༠ ལྷག་མཇལ་སྟེ། དོན་གཅོད་གསར་པའི་འཚམས་འདྲི་དང་འབྲེལ་ངོ་སྤྲོད་མིང་བྱང་བརྗེ་རེས་གནང་འདུག
གཞན་ཡང་སྐུ་ཚབ་དོན་གཅོད་མཆོག་ནས་ཕྱི་ཚེས་ ༡༦ རེས་གཟའ་ཉི་མའི་ཉིན་ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་གནང་བ་བཞིན། སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོགས་སྡེ་བཞིའི་ནང་སེར་སྐྱ་མང་ཚོགས་བཞི་བརྒྱ་ལྷག་ཙམ་ལ་གསུང་བཤད་གནང་། སྐབས་དེར་ཐོག་མར་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནོར་བུ་ཚེ་རིང་ཆོས་རྫོང་ལགས་ནས་ལས་བསྡོམས་སྙིང་བསྡུས་ངོ་སྤྲོད་དང་། རྩིས་པ་བསྟན་འཛིན་དགེ་མཚོ་ལགས་ནས་ཚོགས་ཁང་ཕུན་ཚོགས་སྡེ་བཞི་བཟོ་བཅོས་ཀྱི་རྩིས་ཁྲ་སྒྲོགས་སྦྱངས་ཞུས་རྗེས། སྐུ་ཚབ་དོན་གཅོད་མཆོག་ནས་མང་ཚོགས་ལ་གསུང་བཤད་གནང་སྐབས།

