༢༠༡༦ ཟླ་ ༡༠ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༢༧ ཉིན་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཕ་རན་སི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མ་ཁེལ་རེ་སན་ Michel Raison མཆོག་དང་མཇལ་འཕྲད་གནང་འདུག སྐབས་དེར་པེ་རི་སིའི་ Paris འབྲེལ་མཐུད་པ་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་ལྷན་བཅར་ཞུས་འདུག
དེ་ཡང་ཆུ་ཚོད་གཅིག་རིང་གི་མཇལ་འཕྲད་སྐབས་ཕ་རན་སིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐོར་ཐོག་ནུས་པ་མཉམ་སྤུངས་ཡོང་ཐབས་དང་། མ་འོངས་པར་ལས་འགུལ་སྤེལ་ཕྱོགས། དེ་བཞིན་བོད་ནང་གི་གནས་སྟངས་སྐོར་དུས་ཐོག་སྙན་སེང་ཞུ་རྒྱུ་བཅས་ཀྱི་སྐོར་གོ་བསྡུར་གནང་འདུག
སྐབས་དེར་སྐུ་ཞབས་མ་ཁེལ་རེ་སན་མཆོག་དང་ལྷན་གྲོས་ཚོགས་ཀྱི་ཕྱག་རོགས་ལྕམ་སྐུ་ Charlotte Braud ལགས་དང་། ཕ་རན་སི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཛིན་སྐྱོང་དྲུང་ཆེ་སྐུ་ཞབས་ Theirry Munier ལགས་བཅས་ལྷན་བཅར་ཞུས་འདུག
གཞི་རྩའི་ཕ་རན་སི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་འདི་ཉིད་གཞུང་འབྲེལ་ཐོག་ནས་ཕྱི་ལོ་ ༢༠༠༠ ལོར་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། རྒྱབ་སྐྱོར་ཚོགས་པའི་ངོ་བོ་ནི་རྒྱལ་སྤྱིའི་བོད་དོན་དྲིལ་བསྒྲགས་ལས་ཁུངས་ International Group of Information on Tibet ལྟ་བུ་ཡིན་འདུག ད་ལྟའི་ཆར་ཚོགས་པ་འདིའི་ནང་ཕ་རན་སིའི་ཆབ་སྲིད་ཚོགས་པ་འདྲ་མིན་ལས་གྲུབ་པའི་ཚོགས་མི་གྲངས་ ༢༢ ཙམ་ཡོད་འདུག
ཚོགས་པ་གསར་འཛུགས་གནང་རྗེས་ཕྱོ་ལོ་ ༢༠༠༥ ཟླ་ ༥ དང་། ཕྱི་ལོ་ ༢༠༡༣ ཟླ་ ༥ བཅས་སོ་སོར་སྐུ་ཚབ་ཁག་གཅིག་བཞུགས་སྒར་རྡ་རམ་ས་ལར་ཕེབས་འདུག ཕྱི་ལོ་ ༢༠༠༦ ལོར་ཚོགས་མི་བཞི་ལས་གྲུབ་པའི་ཚོགས་ཆུང་ཞིག་བོད་ཀྱི་རྒྱལ་ས་ལྷ་སར་གཟིགས་སྐོར་ཕེབས་ཡོད།
གཟིགས་སྐོར་ལེགས་གྲུབ་ཟིན་རྗེས་བསྒྲགས་གཏམ་ཞིག་སྤེལ་བ་དེའི་ནང་འཁོད་དོན་ལྟར་ན། གཟིགས་སྐོར་སྐབས་རྒྱ་ནག་དཔོན་རིགས་ཚོས་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་སྐོར་གང་བཤད་པ་དེ་དག་ལ་སྐུ་ཚབ་འཐུས་མི་རྣམ་པས་ཉན་ཞིབ་གནང་འདུག་པ་མ་ཟད། བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར། རིག་གཞུང་བཅས་ཀྱི་གནས་སྟངས་ཐོག་རྟོགས་ཞིབ་གནང་འདུག
དེ་བཞིན་ཚོགས་པས་ཉེ་ལམ་ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༤ ཉིན་ཕྱིའི་གནོན་ཤུགས་ལ་མ་འཛེམས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེའི་གྲོས་ཚོགས་གོང་མའི་ནང་གདན་ཞུས་ཐུབ་པ་བྱུང་ཡོད་པ་བཅས།།