༢༠༡༦ ཟླ་ ༡༠ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༠ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་རྟེན་གཞི་བྱས་པའི་བོད་སྐྱོབ་ཐེབས་རྩ་ཁང་ Save Tibet Foundation (Moscow) དང་རྒྱལ་ས་རི་གའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ Saglabasim Tibetu བཅས་ཐུན་མོང་ནས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ལ་ཏི་ཝིའི་རྒྱལ་ས་རི་གའི་ནང་དུ་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ཉིན་དང་པོའི་ཆོས་འབྲེལ་སྐབས་དད་ལྡན་ཆོས་ཞུ་བ་མི་གྲངས་ ༤༥༠༠ བརྒལ་བར་བཀའ་སློབ་སྩལ་དོན།
དེ་རིང་ཡང་བསྐྱར་ལ་ཏི་ཝི་ཡའི་ནང་དུ་ནང་ཆོས་འགྲེལ་བརྗོད་བྱེད་རྒྱུའི་གོ་སྐབས་བྱུང་བ་རེད། འདིར་གྲ་སྒྲིག་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ལོ་ཞིག་ངོས་ཀྱིས་འདིར་ལ་ཏི་ཝི་ཡར་ནང་ཆོས་ངོ་སྤྲོད་བྱེད་པའི་སྐབས་སུ་རུ་སུའི་མི་རིགས་ཤིག་ངོས་ཀྱི་སར་ཡོང་སྟེ་ཨུ་རུ་སུར་དཔལ་འབྱོར་ཧ་ཅང་མེད་མཁན་གྲས་དེ་དག་རྒྱ་གར་དུ་འགྲོ་རྒྱུར་དཀའ་ངལ་ཕྲན་བུ་འཕྲད་ཀྱི་འདུག ལ་ཏི་ཝི་ཡར་ཡོང་བདེ་པོ་ཡོད་སྟབས་འདིར་དེ་ལྟར་བྱུང་ན་ཡག་པོ་འདུག་ཅེས་བརྗོད་བྱུང་། ངོས་རང་སེམས་སྐྱོ་པོ་འདྲ་ཞིག་བྱུང་། དོན་གཉེར་ཡོད་ནའང་དཔལ་འབྱོར་གྱི་ཆ་ནས་ཆ་རྐྱེན་མི་འདང་མཁན་དེ་འདྲ་ཆགས་དུས། ངོས་ཀྱིས་འཕྲལ་དུ་ཐག་གཅོད་ཐུབ་ཐབས་མེད། ངོས་ཀྱིས་ལ་ཏི་ཝི་ཡའི་གྲོགས་པོ་ཚོར་དེ་འདྲའི་བསམ་ཚུལ་བརྗོད་མཁན་བྱུང་། འདིར་བྱེད་ཐུབ་ན་གང་འདྲ་འདུག ཅེས་དྲིས་པ་ཡིན། ཁོང་ཚོས་ཧ་ཅང་རྒྱབ་སྐྱོར་ཡོད་ཅེས་དགའ་བསུ་ཞུ་བཞིན་འདུག དེ་ལྟར་དེ་རིང་འདིར་ཡང་བསྐྱར་ཐེངས་ཤིག་འཚོགས་རྒྱུ་བྱུང་བ་རེད། དེ་རིང་འདིར་མི་འབོར་ཆེན་་པོ་ཕེབས་བཞུགས་འདུག སྔོན་དང་པོ་དེར་ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཞུ་གི་ཡོད།
ང་རང་ཚོ་ཚང་མ་མི་གཅིག་པ་རེད། ངོས་ཀྱིས་འདི་ནས་མར་ཁ་སློག་སྟེ་སྐད་ཆ་འཆད་མཁན་འདི་མི་གཅིག་པ་རེད། འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་ཚང་མ་མི་གཅིག་གྱུར་རེད་མ་གཏོགས་དེར་མི་འདྲ་བའི་ཁྱད་པར་གང་ཡང་མེད། ཐོག་མར་སྐྱེ་སྟངས་དེ་མའི་མངལ་ནས་སྐྱེ་རྒྱུར་དུང་ཕྱུར་བདུན་ཅུ་དེ་དག་གཅིག་མཚུངས་རེད་འདུག མཐར་འཆི་འགྲོ་གི་རེད། འཆི་རྒྱུ་དེ་ཡང་ང་ཚོ་ཚང་མ་གཅིག་གྱུར་རེད་མ་གཏོགས་གང་ཡང་ཡོད་མ་རེད། དེར་བརྟེན་མི་དུང་ཕྱུར་བདུན་ཅུ་དེ་དག་ཚང་མ་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་གཅིག་མཚུངས་རེད་འདུག
ངོས་ཀྱིས་གཅིག་གྱུར་ཡིན་པ་འདི་གཅིག་གྱུར་ལ་ངོས་འཛིན་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་འཛིན་གྱི་ཡོད། འདི་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་གང་རེད་ཅེ་ན། མི་དུང་ཕྱུར་བདུན་ཅུ་ཚང་མས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་གྱུར་ཡིན་པ་ཞིག་ལ་ང་རང་ཚོས་རང་དང་གཞན། ང་ཚོ་དང་ཁོང་ཚོ་ཞེས་པའི་སྐད་ཆ་འདིའི་ཐོག་ནས་གཅིག་གིས་གཅིག་ལ་སེམས་གནག་བྱ་རྒྱུ་དང་། མགོ་སྐོར་གཏང་རྒྱུ། མཐའ་ན་གསོད་རེས་བྱེད་རྒྱུ་ཡོང་གི་འདུག དེང་སྐབས་དཔེར་ན་ང་ཚོ་འདིར་ཞི་བདེ་ལྟ་བུ་བྱས་ཏེ་འཚོགས་བཞིན་ཡོད། དུས་ཚོད་འདི་ག་རང་དུ་འཛམ་གླིང་འདིའི་སྟེང་ས་ཆ་འགའ་ཤས་ལ་གསོད་རེས་གཏོང་བཞིན་པ་ཆགས་ཡོད། དེ་དག་ཚང་མ་མི་གཅིག་པ་རེད།
གཞི་རྩའི་མི་གཅིག་གྱུར་ཡིན་པའི་ངོས་འཛིན་དང་དོ་སྣང་ཧ་ཅང་མེད་པ་དང་། ང་དང་ཁྱོད་ཟེར་བའི་དབྱེ་འབྱེད་གཏང་རྒྱུའི་གཞི་རྩ་སོ་སོའི་ལུང་པ་དང་། རིགས་རུས་མི་འདྲ་བ། དེང་སྐབས་ཆོས་ཕྱོགས་ཀྱི་ཆོས་བརྒྱུད་མི་འདྲ་བའི་ཐོག་ནས་ང་དང་ཁྱོད་ཟེར་རྒྱུའི་དབྱེ་འབྱེད་ཤུགས་ཆེན་པོ་རྐྱེན་པས་གསོད་རེས་གཏང་རྒྱུ་བྱེད་ཀྱི་ཡོད། འདི་ཧ་ལམ་འཆར་ཅན་ལྟ་བུ་བརྩིས་ནས་དེ་ལྟར་བཞག་པ་ཡིན་ན། རྩ་བ་ནས་མ་འགྲིག་པ་རེད། སོ་སོ་སྒེར་གྱི་ངོས་ནས་བསམ་བློ་གཏང་བ་ཡིན་ནའང་མི་དུང་ཕྱུར་བདུན་ཅུ་སྤྱི་འདི་དངོས་གནས་ཞི་བདེ་མཛའ་བརྩེ་ལྡན་པ་ཞིག་བྱུང་བ་ཡིན་ན། མི་སྒེར་པ་སོ་སོ་ཚང་མར་ཁེ་ཕན་ཡོད་རེད།
མི་སྤྱི་དེ་ང་དང་ཁྱོད་ཟེར་བའི་སྐད་ཆའི་ཐོག་ཕྱིན་པ་ཡིན་ན། མི་སྒར་པ་སོ་སོར་དངོས་དང་བརྒྱུད་པའི་ཐོག་ནས་གྱོང་མ་གཏོགས་ཕན་གང་ཡང་མི་འདུག དེར་བརྟེན་ངོས་རང་འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་ཅུ་ཡོད་པའི་ནང་ནས་མི་ཞིག་ཆགས་ཡོད། མི་སྤྱི་ལ་བདེ་བ་དང་། སྐྱིད་པ། བག་ཕེབས་པ་ཡོང་བ་བསྒྲུབ་རྒྱུའི་ལས་འགན་ནི་ང་ཚོ་མི་དུང་ཕྱུར་བདུན་ཅུ་དོན་གྲངས་ཚང་མར་གཅིག་པ་ཡོད། ངོས་རང་ལུང་པ་འདྲ་མིན་ནང་སླེབས་ཡོད། མི་རིགས་འདྲ་མིན་དང་ཐུག་ནས་སྐད་ཆ་བཤད་པའི་སྐབས་སུ་མི་གཅིག་གྱུར་ཡིན་པའི་ཐོག་ནས་ང་ཚོས་མི་སྤྱི་དེ་བདེ་བ་བཟོ་ཐུབ་ཐབས། སྤྱི་སེམས་འཁྱེར་རྒྱུ་གལ་ཆེན་པོ་རེད།ངོས་རང་ཐོག་མར་ཕྱི་ལོ་ ༡༩༧༣ ལོར་ཡུ་རོབ་སླེབས་པ་རེད། དེ་དུས་དངོས་པོ་ཡར་རྒྱས་ཧ་ཅང་ཕྱིན་ཡོད། འོན་ཀྱང་བསམ་བློའི་ནང་དེ་ཙམ་ཞི་བདེ་མེད་པ་དང་། ཕྲན་བུ་དངངས་སྐྲག་ཡོད་པའི་བཟོ་འདྲ་པོ་དེ་འདྲ་མཐོང་བྱུང་། སྤྱི་སེམས་དང་། དེ་བཞིན་ཡུ་རོབ་སྤྱི་མཐུན་ཚོགས་པ་ནི་ངོས་ཀྱི་ཡིད་འཕྲོག་གི་ཡོད། སྔ་མི་གཅིག་གིས་གཅིག་ལ་དགྲ་ཟླ་དགྲ་ཤ་བྱས་ནས་ལོ་རྒྱུས་ནང་དམག་འཁྲུག་མང་པོ་བརྒྱབ་མྱོང་བའི་ལུང་པ་ཕན་ཚུན་མི་མཐུན་པ་ཡོད་པ་དེ་དག་དངོས་ཡོད་གནས་ཚུལ་དང་བསྟུན་ནས་སྤྱི་སེམས་སྟེང་བསམ་བློ་གཏང་རྒྱུ་ཡོང་བཞིན་ཡོད། འདི་དངོས་གནས་ཡག་པོ་རེད་བསམ་དྲན་བཞིན་ཡོད།
དེ་བཞིན་བར་སྐབས་འཛམ་གླིང་གི་མི་སེར་ཡིན་ Global Citizen ཞེས་པ་དང་། One World ཞེས་པའི་སྐད་ཆ་དེ་འདྲ་འཐོན་ཡོང་གི་འདུག དེ་དག་ང་ཚོས་རེ་བ་བརྒྱག་རྒྱུའི་གནས་ཚུལ་ཆགས་ཀྱི་ཡོད། ངོས་རང་འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་ཅུ་ཡོད་པའི་ནང་ནས་མི་ཞིག་ཡིན་པའི་ངོས་ནས་སོ་སོས་ལྷག་བསམ་རྣམ་དག་ཐོག་མི་གཅིག་གྱུར་གྱི་འདུ་ཤེས་འདི་སྤེལ་དགོས་ཀྱི་འདུག་ཅེས་འབོད་སྐུལ་བྱེད་བཞིན་ཡོད། དེ་རིང་འདིར་ཆ་བཞག་ནའང་མི་གཅིག་གྱུར་གྱི་འདུ་ཤེས་འདི་བྱུང་བ་ཡིན་ན་རང་ཤུགས་ཀྱི་གཅིག་གིས་གཅིག་ལ་གུས་པ་དང་། བརྩེ་བ་བྱ་རྒྱུ། གཅིག་གིས་གཅིག་ལ་རོགས་དང་ཕན་ཐོགས་བྱེད་མ་ཐུབ་ནའང་སེམས་གནག་དང་གནོད་པ་མ་བྱེད་རྒྱུ་ཞིག་ཡོང་གི་རེད། འདི་ཧ་ཅང་གལ་ཆེན་པོ་རེད་འདུག
ཆོས་དད་མི་འདྲ་བ་ཡོད་པ་དེ་དག་གིས་ང་དང་ཁྱོད་ཟེར་རྒྱུའི་སྐད་ཆ་ཞིག་ཡོང་བཞིན་འདུག དེང་སྐབས་སི་རི་ཡ་ Syria ལ་ཆ་བཞག་ན། ཨཱ་ལ་ Allah སྐྱབས་སུ་བྱེད་མཁན་དང་། ཀུ་རན་ Kuran རྩ་བར་བཞག་མཁན་གཅིག་གྱུར་རེད་དེ་ཤི་ཡ་དང་སུ་ནི་ Sunni and Shia ཞེས་རྙོག་གྲ་དེ་འདྲ་ཡོང་བཞིན་འདུག དེ་བརྟེན་ཆོས་ལུགས་དེ་དག་མཐུན་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག ངོས་རང་ནང་པའི་དགེ་སློང་ཞིག་རེད། ངོས་རང་རྒྱ་གར་དུ་ལོ་མང་བསྡད་པ་རེད། རྒྱ་གར་ནི་ཧ་ལམ་འཛམ་གླིང་འདིའི་སྟེང་མང་གཙོ་རྒྱལ་ཁབ་མི་མང་ཤོས་ཡོད་པ་ཞིག་ཆགསཀྱི་ཡོད། རྙོག་གྲ་ཚ་བོ་རེད་དེ་སྤྱི་ཡོངས་ཐོག་ནས་ཞི་བདེ་ཡོད་པའི་ལུང་པ་ཞིག་འདུག ལུང་པ་དེའི་ནང་ཧ་ལམ་ལོ་སྟོང་ཕྲག་གཉིས་ཙམ་རིང་རྒྱ་གར་རང་ནས་བྱུང་བའི་གྲངས་ཅན་པ་དང་། གཅེར་བུ་བ། དེ་དང་དེ་འདྲ་བའི་ཆོས་བརྒྱུད་དེ་དག་རྒྱ་གར་རང་ནས་བྱུང་བ་རེད། ནང་པའི་ཆོས་ནི་རྒྱ་གར་རང་ནས་བྱུང་བ་རེད། རྒྱ་གར་རང་ནས་ཆོས་བརྒྱུད་འདྲ་མིན་མང་པོ་ཞིག་བྱུང་ཡོད། དེའི་ཐོག་སྔར་ཛོ་ར་སི་ཊི་རན་དང་། དེ་ནས་རིམ་བཞིན་ཇེའུ་དང་། ཡི་ཤུ། ཁ་ཆེ་བཅས་འཛམ་གླིང་གི་ཆོས་བརྒྱུད་གཙོ་ཆེ་བ་ Middle East ནས་བྱུང་བ་དེ་ཚོའི་གྲས་ཚང་མ་རྒྱ་གར་ནང་རིམ་པས་དར་ཁྱབ་བྱུང་ཡོད་པར་བརྟེན་རྒྱ་གར་ལུང་པ་ནི་འཛམ་གླིང་གི་ཆོས་བརྒྱུད་ཧ་ལམ་ཡོངས་རྫོགས་ཡོད་པ་ཞིག་རེད། ཆོས་ལུགས་དེ་དག་མཐུན་པོ་བྱས་ནས་བསྡད་ཀྱི་འདུག རྙོག་གྲ་རེ་བཟུང་ཡོང་གི་རེད། མིའི་སྤྱི་ཚོགས་ཡིན་སྟབས་དེ་འདྲའི་རྙོག་གྲ་ཕྲན་བུ་ཡོང་སྲིད་ཀྱི་རེད། དེ་འདྲའི་ཐོག་ནས་རྒྱ་གར་ནང་དངོས་སུ་མིང་མཐོང་ལག་ཟིན་གྱི་ཆོས་བརྒྱུད་མི་འདྲ་བ་དེ་ཚོའི་གྲས་མཉམ་དུ་བསྡད་ཐུབ་རྒྱུ་ལོ་སྟོང་ཕྲག་རིང་ནས་དེ་འདྲ་བྱུང་བ་ཡིན་སྟབས། ད་ང་ཚོ་འཛམ་གླིང་འདིའི་སྟེང་དེ་སྔ་ཕན་ཚུན་འབྲེལ་བ་ཧ་ཅང་བྱུང་མེད། དེང་སྐབས་འཛམ་གླིང་འདི་གཅིག་གི་གཅིག་ལ་ཐག་ཉེ་པོ་ཆགས་ཡོད་པར་བརྟེན་ང་དང་ཁྱོད་ཟེར་རྒྱུའི་སྐད་ཆ་འདི་ཡོང་གི་ཡོད་སྟབས། རྒྱ་གར་ནང་ཆོས་བརྒྱུད་མི་འདྲ་བ་དེ་དག་ལོ་སྟོང་ཕྲག་རིང་མཉམ་དུ་གནས་ནས་མཐུན་པོ་ཡོང་ཐུབ་པ་ཡིན་དུས་འཛམ་གླིང་འདིའི་སྟེང་ཏན་ཏན་ཡོང་ཐུབ་རྒྱུ་ཞིག་རེད་བསམས་ནས་ངོས་ལ་ཡིད་ཆེས་གཏན་པོ་ཡོད། དེ་འདྲའི་ཐོག་ནས་ཆོས་བརྒྱུད་ཚང་མ་མཐུན་པོ་ཡོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད།
ངོས་ཀྱིས་ནམ་རྒྱུན་ཆོས་བརྒྱུད་གཙོ་ཆེ་བ་ཚང་མར་ངོ་གསུམ་དུ་ལྟ་བཞིན་ཡོད། ངོ་གཅིག་ནི་ཆོས་རེད། ཆོས་ཀྱི་ཐོག་ལ་ཆོས་བརྒྱུད་ཚང་མས་བྱམས་པ་དང་བརྩེ་བ། ཆོག་ཤེས། རང་ཁྲིམས་རང་སྲུང་། བཟོད་པ། བཟོད་བཞེས། མཛའ་མཐུན་དེ་དག་ཚང་མས་གཅིག་གྱུར་གསུང་གི་འདུག
ངོ་གཅིག་ནི་ལྟ་གྲུབ་སྐོར་རེད། ལྟ་གྲུབ་སྐོར་ལ་མི་མཐུན་པ་ཤུགས་ཆེན་པོ་ཡོད། རྒྱ་གར་རང་གི་ནང་ཡོད་པའི་གྲངས་ཅན་པ་ལ་སོགས་པ་དེ་དག་གི་ནང་དུའང་འཇིག་རྟེན་བཀོད་པ་འདོད་མཁན་དང་མི་འདོད་མཁན་ཡོད། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་ནང་དུའང་བདག་ཏུ་ལྟ་བའི་ལྟ་གྲུབ་དང་། བདག་མེད་པར་ལྟ་མཁན་ལྟ་གྲུབ་ནང་པ་གཅིག་པུ་རེད། ཕལ་ཆེར་འཛམ་གླིང་འདིའི་སྟེང་ཡོད་པའི་ཆོས་བརྒྱུད་མང་ཆེ་བས་འཇིག་རྟེན་བཀོད་པ་པོ་འདོད་མཁན་རེད། རྒྱ་གར་ཆ་བཞག་ན་དབང་ཕྱུག་དང་ཁྱབ་འཇུག་དེ་ཚོའི་གྲས་བཀོད་པོ་པོ་རང་འབྱུང་སྐྱེ་བུར་ངོས་འཛིན་ནས་དེ་འདྲའི་ལྟ་གྲུབ་ཡོད་བཞིན་འདུག འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་སྡེ་ཚན་ཧ་ཅང་རྒྱ་ཆེན་པོ་རེད། དེ་བཞིན་འཛམ་གླིང་འདིའི་སྟེང་ཆོས་བརྒྱུད་ཚང་མས་ཕུང་པོ་ལས་དོན་གཞན་པའི་བདག་འདོད་ཀྱི་ཡོད། ཕུང་པོ་ལས་དོན་གཞན་པའི་བདག་མི་འདོད་མཁན་སངས་རྒྱས་པའི་ཆོས་གཅིག་པུ་རེད་འདུག ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་ཞིག་མཐོང་བཞིན་འདུག ལྟ་གྲུབ་གྱི་ཐོག་ནས་མི་འདྲ་བས་ཕན་ཐོགས་ཡོད། འཛམ་གླིང་འདིའི་སྟེང་ཆོས་བརྒྱུད་གཙོ་ཆེ་བ་དེ་དག་དུས་ཚོད་དང་ས་ཁུལ་མི་འདྲ་བར་རིམ་པས་དར་བ་རེད། དེ་དག་དར་ཡོང་དུས་ས་ཁུལ་དེ་དང་དེའི་ཆེད་དུ་བྱ་བའི་གདུལ་བྱའི་ཚེ་ལུང་པའི་ཚ་གྲང་དང་ཁོར་ཡུག་གནས་སྟངས་མི་འདྲ་བ་ཡོད་པའི་རྐྱེན་གྱིས་མི་ཚེའི་གོམས་གཤིས་མི་འདྲ་བ་ཡོད། རིམ་པས་ས་ཁུལ་གང་དང་གང་དུ་ཡོད་པ་སོ་སོའི་རིག་གཞུང་རིམ་པས་དར་བཞིན་ཡོད། དེ་ལྟ་བུ་མི་འདྲ་བ་ཡོད་པའི་རྐྱེན་གྱིས་མིའི་བསམ་བློ་འགྲོ་སྟངས་ལའང་ཏན་ཏན་མི་འདྲ་བ་ཡོང་ཐུབ་ཀྱི་རེད། ཁམས་དང་མོས་པ་མི་འདྲ་བ་ཆགས་ཡོང་བར་བརྟེན་དེ་དང་བསྟུན་ནས་ལྟ་གྲུབ་མི་འདྲ་བ་དེ་དག་བྱུང་བ་རེད། ཁམས་དང་མོས་པའི་ཁྱད་པར་ལས་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་བྱམས་བརྩེ་གོང་འཕེལ་གཏང་རྒྱུའི་དམིགས་ཡུལ་གཅིག་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།