༢༠༡༦ ཟླ་ ༡༠ ཚེས་ ༩ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༧ ཉིན་རྒྱ་གར་གྱི་མ་ཧཱ་རཱཤཏྲ་མངའ་སྡེའི་གྲོང་ཁྱེར་ནག་པུར་ Nagpur ནང་དུ་གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཁང་ Press Club ཞིག་ཏུ་ནག་པུར་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་འཕགས་བོད་འབྲེལ་མཐུད་ལས་ཁང་གིས་གོ་སྒྲིག་འོག རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་རྒྱུའི་གསར་འགོད་གསལ་བསྒྲགས་སྤེལ་འདུག སྐབས་དེར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨར་ཀེ་ཁིར་མེ་Shri R.K Khirmey མཆོག་དབུ་བཞུགས་ཐོག་སྤེལ་བའི་གསལ་བསྒྲགས་ནང་འཁོད་དོན། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་ནས་བོད་ས་བཙན་འཛུལ་བྱས་པ་ནས་བཟུང་ད་བར་མི་ལོ་ ༥༥ ལྷག་རིང་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་བཙན་བྱོལ་བ་རྣམས་རྒྱ་གར་དུ་གནས་མུས་ཡིན།
དེར་བརྟེན་རྒྱ་གར་གཞུང་མང་གཉིས་ཀྱིས་ད་བར་བོད་དོན་ཐོག་སེམས་ཁུར་ཆེན་པོས་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གནང་བར་བཀའ་དྲིན་རྗེས་དྲན་མཚོན་སླད་བོད་མིའི་སྒྲིག་འཛུགས་ཀྱིས་ད་བར་རྒྱ་གར་ཧ་རི་ཡ་ནའི་ Haryana གྲོང་ཁྱེར་སོ་ནི་པ་ཏི་ Sonipat ནང་རྟེན་གཞི་བྱས་པའི་ཨོ་པི་ཇིན་དཱལ་མཐོ་སློབ་ O.P Jindal University དང་། ཀེ་ར་ལའི་ Kerala གྲོང་ཁྱེར་ཀོ་ཛོ་ཀོ་ཌ་ Kozhikode བཅས་ཀྱི་ནང་གོ་སྒྲིག་འོག རྒྱ་གར་ཐུགས་རྗེ་ཆེ། ཞེས་པའི་ལས་འགུལ་གོ་སྒྲིག་གནང་ཡོད་པ་མ་ཟད། འབྱུང་འགྱུར་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་དུའི་ Tamil Nadu རྒྱལ་ས་ཅེན་ནའི་ Chennai དང་པུ་ཌུ་ཅ་རི་ Puducherry བཅས་སུ་མུ་མཐུད་རྒྱ་གར་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་འཆར་ཡོད།
རྒྱ་གར་ནང་བཙན་བྱོལ་བོད་མི་ཚོས་དུས་རྟག་ཏུ་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་དྲན་བཞིན་ཡོད། འོན་ཀྱང་ད་བར་བོད་མིའི་དངོས་ཡོད་དཀའ་ངལ་རྣམས་སེལ་མ་ཐུབ་པར་མུ་མཐུད་གནས་ཡོད། དེར་བརྟེན་བོད་མིའི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ཉག་གཅིག་ཡོད་པ་ནི་གྲོས་མོལ་གྱི་ལམ་ནས་བོད་མིའི་དངོས་ཡོད་དཀའ་ངལ་སེལ་ཐུབ་རྒྱུ་རེད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་བོད་རྒྱ་འབྲེལ་མོལ་དེ་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡ ནས་མཚམས་ཆད་ཡོད། དེར་བརྟེན་ང་ཚོ་རྒྱ་གར་བོད་དོན་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པའི་ཆ་ནས་བོད་རྒྱ་འབྲེལ་མོལ་མུ་མཐུད་དགོས་པའི་གལ་གནད་སྐོར་གོ་རྟོགས་སྤེལ་དགོས་པ་མ་ཟད། རྒྱ་གར་གཞུང་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་པ་བརྒྱུད་༸གོང་ས་ཏཱ་བླའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་འབྲེལ་མོལ་མུ་མཐུད་ཡོང་རྒྱུར་འབད་བརྩོན་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
དེར་བརྟེན་དེ་རིང་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་དང་སྟབས་བསྟུན། ང་ཚོས་ཕྱི་ཚེས་ ༩ དང་ ༡༠ བཅས་ཉིན་གཉིས་རིང་རྒྱ་གར་ཐུགས་རྗེ་ཆེ། ཞེས་པའི་ལས་འགུལ་སྤེལ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་བཞིན་ཡོད། ལས་འགུལ་སྤེལ་ཡུལ་ནི་ནག་པུར་གྲོང་ཁྱེར་གྱི་འབྲུག་གི་ཕོ་བྲང་། Dragon Palace Temple ཞེས་པའི་ནང་སྤེལ་རྒྱུ་ཡིན།
ལས་འགུལ་སྐབས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐོག་བོད་ཀྱི་གནད་དོན་གལ་གནད་ཇི་ཙམ་ཆགས་ཡོད་མེད་ཀྱི་མཁས་པའི་གཏམ་བཤད་དང་། བོད་མཐོ་སྒང་གི་ཁོར་ཡུག་གལ་གནད་སྐོར། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས། ཕྱོགས་མཚུངས་འཕགས་བོད་འབྲེལ་ལམ་དང་༸གོང་ས་མཆོག་གི་མཛད་རྣམ་སྐོར་པར་རིས་འགྲེམས་སྟོན་དང་བོད་དོན་དངོས་བྱུང་གློག་བརྙན་བསྟན་རྒྱུ་མ་ཟད། བོད་གཞུང་ཟློས་གར་གྱི་གཞས་སྣ་འཁྲབ་སྟོན་པ་ཚོས་བོད་མིའི་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་གནང་རྒྱུ་བཅས་ཡོད། ཅེས་གསལ་བསྒྲགས་སྤེལ་ཡོད།
སྤྱིར་རྒྱ་གར་ཐུགས་རྗེ་ཆེ་ཞུའི་ལས་འགུལ་འདི་ནི་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཕྱི་དྲིལ་ལས་ཁུངས་ཀྱི་འཕགས་བོད་འབྲེལ་མཐུད་ཚན་པ་དང་། ཕྱི་དྲིལ་འགྲེམས་སྟོན་ཚན་པ། དེ་བཞིན་ཕྱི་དྲིལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་། བོད་ཀྱི་ཟློས་གར་ཚོགས་པ་བཅས་དང་། འབྲེལ་ཡོད་རྒྱ་གར་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་མཉམ་རུབ་ཐོག་ད་བར་རྒྱ་གར་ས་གནས་འདྲ་མིན་ཁག་གསུམ་ནང་སྤེལ་དང་སྤེལ་མུས་ཡིན་འདུག །