༢༠༡༦ ཟླ་ ༡༠ ཚེས་ ༧ རེས་གཟའ་པ་སངས།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཐེ་ཝན་གྲོས་ཚོགས་སྐུ་མགྲོན་ཚོམས་ཆེན་ནང་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དངོས་སུ་གསར་འཛུགས་གནང་བའི་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད།
ཐོག་མར་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཕེརེ་ཌི་ལིན་ལགས་ཀྱིས་ཚོགས་པ་གསར་འཛུགས་གནང་བའི་དགོས་དམིགས་ངོ་སྤྲོད་གནང་དོན། ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་ཐེ་ཝན་གྱི་སྲིད་དོན་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་ཡིན་པ་དང་། འདིར་དངོས་སུ་ཕེབས་པའི་གྲོས་ཚོགས་འཐུས་མི་ཁོང་རྣམ་པས་ཐེ་ཝན་གྲོས་ཚོགས་སྐབས་སྔོན་མའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཀྱི་ལས་གཞི་སྤེལ་ཡོད། ད་རེས་སྐབས་གསར་པའི་གྲོས་ཚོགས་འཐུས་མིའི་ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་བོད་དོན་ཁྱབ་སྤེལ་གྱིས་ཐེ་ཝན་ནང་བོད་སོག་ལས་ཁུངས་སྒོ་བརྒྱབ་རྒྱུའི་ལས་གཞི་མཇུག་སྐྱོང་སོགས་དང་། དེ་བཞིན་རྒྱལ་སྤྱིའི་ཐོག་གི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་མཉམ་ཞུགས་ཀྱིས་ལས་འགུལ་སྤེལ་ཐུབ་པ་བྱ་རྒྱུ་སོགས་གསུངས།
ཚོགས་གཞོན་གྲོས་ཚོགས་འཐུས་མི་ལྕམ་ཤའོ་མེའི་ཆིང་ལགས་ཀྱིས་གསུང་དོན། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ལ་ཐེངས་མང་བཅར་མྱོང་ཡོད་པ་དང་། ཐེ་ཝན་ནང་བོད་དོན་ཐོག་སྔར་བཞིན་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་སོགས་གསུངས། དེ་བཞིན་སྐུ་མགྲོན་གཙོ་བོ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུ་དང་འབྲེལ་གསུང་དོན། བོད་ཀྱི་གནད་དོན་ནི་རང་བཙན་དང་། དབུ་མའི་ལམ་གཅིག་པུའི་སྐོར་མིན་པར། གྲངས་ཉུང་མི་རིགས་ཆགས་འཇིག་དང། མི་སེར་སྤེལ་ཡུལ་རིང་ལུགས། ཁོར་ཡུག འགྲོ་བ་མིའི་ཐོབ་ཐང་། ཆོས་དང་རིག་གཞུང་སོགས་མང་པོ་འདུས་ཡོད་པས། དེ་དག་ཚང་མ་མིའི་རིགས་ཀྱི་སྤྱི་ཚོགས་དང་འབྲེལ་བ་ཆགས་ཡོད་པས་དོ་སྣང་བྱ་ཡུལ་གྱི་གནད་དོན་མང་པོ་ཡོད་པའི་སྐོར་ངོ་སྤྲོད་གནང་།
ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་ཆེད་དུ་གདན་འདྲེན་ཞུས་པའི་བོད་མི་མང་སྤྱི་འཐུས་བློ་བཟང་གྲགས་པ་ལགས་དང། ཚེ་རིང་ལྷ་མོ་ལགས་ཀྱིས་བོད་མིའི་གནས་སྟངས་ངོ་སྤྲོད་དང་། བོད་དང་ཐེ་ཝན་ཕྱོགས་གཉིས་ཀའི་དཀའ་ངལ་གཅིག་མཚུངས་ཡིན་དུས་མཉམ་རུབ་བྱ་རྒྱུ་གལ་ཆེ་དང་། ཐེ་བོད་གྲོས་ཚོགས་དབར་འབྲེལ་ལམ་དམ་གཟབ་ཏུ་གཏོང་དགོས་གལ་གསུངས་རྗེས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། དེ་ནས་ཐེ་ཝན་གྲོས་ཚོགས་འཐུས་མི་ལྕམ་གུ་ལཱ་སི་ལགས་དང་། ལྕམ་གཡུས་མེ་ཉུལ་ལགས། སྐུ་ཞབས་ཏོན་དབྱི་ཁང་ལགས་སོགས་མཉམ་ཞུགས་དང་གསུང་བཤད་གནང་། མཐའ་མ་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་གྲོས་ཚོགས་འཐུས་མི་རྣམས་ལ་མཇལ་དར་སྒྲོན་ཏེ་གསར་འགོད་ལྷན་ཚོགས་མཇུག་སྒྲིལ།
འདི་ལོ་ཕྱི་ཟླ་དགུ་པའི་ནང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཕེརེ་ཌི་ལིན་ལགས་ཀྱིས་གཙོས་བོད་དོན་རྒྱབ་སྐྱོར་གནང་མཁན་སྐོར་ཞིག་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་སུ་ཕེབས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་མཉམ་དུ་མཇལ་འཕྲད་ཀྱིས་ཕན་ཚུན་བསམ་ཚུལ་བརྗེ་ལེན་གནང་ཡོད་པ་རེད།
གསར་དུ་བཙུགས་པའི་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པ་དང། དུས་རབས་ཀྱི་ནུས་ཤུགས་ཚོགས་པ། གོ་མིན་ཏང་ཚོགས་པ་བཅས་སྲིད་དོན་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་སུམ་ཅུ་ཙམ་གྱིས་མཉམ་ཞུགས་མིང་རྟགས་བཀོད་ཡོད་པ་དང། མུ་མཐུད་ཚོགས་མི་མང་དུ་གཏོང་རྒྱུའི་འཆར་གཞི་ཡོད་པ་བཅས།།