༢༠༡༠ ཕྱི་ཟླ་ ༧ ཚེས་ ༢ རེས་གཟའ་པ་སངས།
༄༅། །ཨུ་རུ་སུའི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གི་དྲ་རྒྱའི་ནང་གནས་ཚུལ་ཐོན་གསལ་ལྟར་བྱས་ན་དབྱིན་ཡུལ་བོད་གཞུང་སྐུ་ཚབ་དོན་གཅོད་སྐུ་ཞབས་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས་ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡༤ ནས་ ༡༧ བར་དབྱིན་ཡུལ་དོན་ཁང་གི་ཁྱབས་ཁོངས་རྒྱལ་ཁབ་ (Lithuania) ལི་ཐི་ཝའི་ནི་ཡར་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ནས་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་དང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི། འགྲོ་བ་མའི་ཐོབ་ཐང་ཚོགས་པའི་ཚོགས་མི། དེ་བཞིན་ས་གནས་ཀྱི་གསར་འགོད་པ་བཅས་དང་མཇལ་འཕྲད་གནང་ཡོད། སྐུ་ཚབ་དོན་གཅོད་ནས་རྒྱལ་ཁབ་དེའི་ཆེས་མཐོའི་ཆབ་སྲིད་མི་སྣ་སོགས་མཇལ་འཕྲད་ཞུས་སྐབས་ད་ལྟའི་བོད་ནང་གི་གནས་སྟངས་དང་བོད་རྒྱའི་དཀའ་རྙོག་སེལ་ཐབས་གཉིས་སྨན་དབུ་མའི་ལམ་སྐོར་གསལ་བཤད། དེ་བཞིན་ཕྱི་ལོ་ ༢༠༡༢ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ཁབ་དེར་ཆིབས་སྒྱུར་བསྐྱང་འཆར་གྱི་གོ་སྒྲིག་ཞུ་ཕྱོགས་ཐད་ལ་གོ་བསྡུར་གནང་ཡོད་པ་མ་ཟད། ལི་ཐི་ཝའི་ནི་ཡའི་རྒྱལ་ས་ (Vilnius) ཝིལ་ནུ་སུའི་གྲོང་སྡེའི་སྤྱི་ཁྱབ་ལྷན་ཚོགས་ནས་བོད་མིར་རྒྱབ་སྐྱོར་མཚོན་ཆེད་རྒྱལ་སའི་ལམ་མདོ་ཞིག་ལ་བོད་ཀྱི་ལམ་མདོ་ (Tibet Square) ཞེས་འདོགས་རྒྱུར་གྲོང་སྡེའི་ས་གནས་གྲོས་ཚོགས་ཀྱིས་མང་མོས་ཐག་གཅོད་ལམ་ནས་གྲོད་ཆོད་འཇོག་ཐུབ་པ་བྱུང་ཡོད་པ་ལྟར་དེ་ཟླའི་ཚེས་ ༡༦ ཉིན་བོད་ཀྱི་ལམ་མདོའི་དབུ་འབྱེད་མཛད་སྒོར་གྲོང་སྡེ་སྤྱི་ཁྱབ་དང་། གྲོས་ཚོགས་འཐུས་མི་། བོད་ཀྱི་རིག་གཞུང་ཐེབས་རྩ་ཁང་གི་འགན་འཛིན་བཅས་ཕེབས་ཡོད་པར་སྐུ་ཚབ་དོན་གཅོད་མཆོག་ནས་དེ་གའི་གཞུང་མང་གཉིས་ནས་བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་གནང་བར་གཞིས་བོད་མའི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་ཀྱང་གནང་ཡོད། ལི་ཐི་ཝའི་ནི་ཡ་དང་། ལ་ཐ་ཝི་ཡ། ཨེ་སི་ཏོ་ནི་ཡ་བཅས་འབལ་ཀྲིག་མངའ་སྡེ་གསུམ་ནི་ (Lithuania,Latvia ,Estonia) ཕྱི་ལོ་ ༡༩༩༠ ལོ་འགོར་ཨུ་རུ་སུ་དམར་པོའི་བཙན་འོག་ནས་རང་བཙབ་ཐོབ་ཟིན་པའི་ད་ཆ་མང་གཙོའི་རྒྱལ་ཁབ་གསུམ་ཡིན་པ་དང་། རྒྱལ་ཁབ་དེ་དག་དེ་སྔ་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ལོ་གྲངས་བཞི་བཅུ་ལྷག་དམར་པོའི་བཙན་འོག་ཏུ་སྡུག་སབྱོང་ཚད་མེད་མྱོང་བའི་རྒྱུ་མཚནལ་བརྟེན་དེ་གའི་གཞུང་དང་མང་ཚོགས་བཅས་ནས་བོད་དོན་ལ་གདུང་སེམས་མཉམ་སྐྱེ་གནང་མཁན་གྱི་གྲས་ཡིན་པ་རེད།