༢༠༡༦ ཟླ་ ༩ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། མདོ་སྨད་སྐུ་འབུམ་དགོན་པའི་མཁན་ཟུར་ཨ་རྒྱ་རིན་པོ་ཆེ་མཆོག་གིས་བོད་སོག་ནང་ཆོས་རིག་གཞུང་བསྟི་གནས་ཁང་དང་སྐུ་འབུམ་བྱམས་བརྩེ་གླིང་གི་དབུ་འཛིན་གྱི་ཐུགས་འགན་བཞེས་ནས་ལོ་ངོ་བཅུ་འཁོར་བར་དྲན་གསོ་གནང་བའི་མཛད་སྒོ་ཞིག་ཕྱི་ལོ་ ༢༠༡༦ ཟླ་བ་ ༩ ཚེས་ ༢༤ ཉིན་ཨ་མེ་རི་ཀའི་མངའ་སྡེ་ཨིན་དི་ཨ་ནའི་གྲོང་ཁྱེར་སྦུ་ལུ་མིན་ཀྲོན་དུ་ཚོགས་ཡོད་པ་དང་། སྐུ་མགྲོན་གཙོ་བོར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ཀྱིས་དབུས་སོག་པོ་དང་། ཕྱི་རྒྱལ་བ། རྒྱ་རིགས། ས་གནས་བོད་མི་བཅས་སེར་སྐྱ་མང་ཚོགས་མི་ཉུང་བ་ཞིག་མཛད་སྒོར་མཉམ་ཞུགས་གནང་ཡོད།
སྐུ་ཚབ་དོན་གཅོད་ནས་མཛད་སྒོར་གསུང་བཤད་གནང་སྐབས། རིག་གཞུང་བསྟི་གནས་ཁང་འདི་ཐོག་མར་དབུ་འཛུགས་གནང་མཁན་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་འཇིགས་མེད་ཐུབ་བསྟན་ནོར་བུ་མཆོག་གི་མཛད་རྗེས་རྣམས་ལ་དྲན་གསོ་བསྔགས་བརྗོད་གནང་བ་དང་། ཕྱི་ལོ་ ༢༠༠༦ ལོར་ཨ་རྒྱ་རིན་པོ་ཆེ་མཆོག་གིས་བསྟི་གནས་ཁང་དེའི་ཐུགས་འགན་བཞེས་པ་ནས་བཟུང་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་གཞི་ལམ་སྟོན་དང་མཐུན་པའི་སྒོ་ནས་ཕྱག་ལས་གནང་ཡོད་པ་འདིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ལས་དོན་དང་། ཕྱི་ནང་གི་དོན་གཉེར་ཅན་མང་པོར་ཞབས་ཞུ་རྒྱ་ཆེ་བསྒྲུབས་ཐུབ་པ་བྱུང་བར་བསྔགས་བརྗོད་གནང་། དེ་བཞིན་སྐུ་ཚབ་དོན་གཅོད་ནས་ས་གནས་སུ་རྒྱུན་སྡོད་བོད་མི་ཉུང་ཤས་ཡོད་པ་དེ་དག་དང་། ཉེ་འཁོར་ས་གནས་ནས་ཐེངས་འདིའི་མཛད་སྒོར་ཕེབས་པའི་བོད་མི་རྣམས་ཆེད་དུ་མཇལ་ནས་གསུང་བཤད་གནང་སྐབས། སྐུ་ཚབ་དོན་གཅོད་ཁང་གི་མ་འོངས་ལས་དོན་གྱི་ཁ་ཕྱོགས་ཇི་ཡིན་དང་། མང་ཚོགས་ཚང་མས་སྐུ་ཚབ་དོན་གཅོད་ཁང་གི་ལས་དོན་ལ་འཕྱར་གྲུ་མཉམ་འདེགས་དགོས་པའི་སྐོར། བོད་མི་ནང་ཁུལ་ཆིག་སྒྲིལ་དགོས་པའི་གལ་ཆེའི་རང་བཞིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་ཕེབས་པ་རྣམས་བླང་དོར་མ་ནོར་བ་གནང་དགོས་པའི་སྐོར་ལ་གསུང་བཤད་གནང་ཡོད། ཐེངས་འདིའི་མཛད་སྒོ་དང་བསྟུན་ནས་བོད་སོག་ནང་ཆོས་རིག་གཞུང་བསྟི་གནས་ཁང་གིས་ཕྱི་ཚེས་ ༢༥ ཉིན་ཨ་རྒྱ་རིན་པོ་ཆེ་དགུང་གྲངས་ ༦༦ ལ་ཕེབས་པའི་འཁྲུངས་སྐར་གྱི་མཛད་སྒོ་སྟབས་བདེ་ཞིག་གནང་ཡོད་པ་དེ་ལ་ཡང་ཕེབས་ནས་བཀྲ་ཤིས་བདེ་ལེགས་ཞུས་ཡོད་པ་རེད།
སྐུ་ཚབ་དོན་གཅོད་གནམ་ཐང་དུ་ཕེབས་འབྱོར་སྐབས་བོད་སོག་ནང་ཆོས་རིག་གཞུང་བསྟི་གནས་ཁང་དང་སྐུ་འབུམ་བྱམས་བརྩེ་གླིང་གི་དབུ་འཛིན་ཨ་རྒྱ་རིན་པོ་ཆེ་མཆོག་དང་། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་རྣམ་ལགས་སོགས་བོད་མི་ཁག་གཅིག་ཕེབས་བསུར་བཅར་ཡོད།
བོད་སོག་ནང་ཆོས་རིག་གཞུང་བསྟི་གནས་ཁང་དང་སྐུ་འབུམ་བྱམས་བརྩེ་གླིང་ནི་ཨ་མེ་རི་ཀའི་མངའ་སྡེ་ཨིན་དི་ཨ་ནའི་གྲོང་ཁྱེར་སྦུ་ལུ་མིན་ཀྲོན་དུ་ཆགས་ཤིང་། རིག་གཞུང་བསྟི་གནས་ཁང་འདི་ཕྱི་ལོ་ ༡༩༧༩ ལོར་སྐུའི་གཅེན་པོ་ཞིང་གཤེགས་སྟག་འཚེར་རིན་པོ་ཆེ་ཐུབ་བསྟན་འཇིགས་མེད་ནོར་བུ་མཆོག་ནས་ཐུགས་འགན་རྐང་བཞེས་ཀྱིས་གསར་འཛུགས་གནང་ཞིང་། ཕྱི་ལོ་ ༢༠༠༧ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རིག་གཞུང་བསྟི་གནས་ཁང་གི་དགོས་དམིགས་རྒྱ་ཆེར་འཕེལ་རྒྱུའི་དགོངས་བཞེས་དང་འབྲེལ་བོད་སོག་ནང་ཆོས་རིག་གཞུང་བསྟི་གནས་ཁང་ཞེས་པའི་མཚན་གསོལ་རས་གནང་ཡོད་པ་དང་། སྔ་རྗེས་སུ་བསྟི་གནས་ཁང་དེར་ཆིབས་སྒྱུར་བསྐྱངས་ཡོད་པ་མ་ཟད། ཕྱི་ལོ་ ༡༩༩༩ ལོར་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༢༥ པ་དེ་སྦུ་ལུ་མིན་ཀྲོན་དུ་གནང་ཡོད་པ་རེད། །