ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༦ ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དྲུག་པའི་སྟེང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཤེས་རིག་དྲུང་ཆེ་འབུམ་རམས་པ་ངག་དབང་རབ་རྒྱལ་ལགས་ཁྲིམས་ཞིབ་པ་གཞན་གཅིག་ཏུ་འདེམས་ཐོན་བྱུང་བའི་གསལ་བསྒྲགས་གནང་ཡོད།
དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་གསུམ་པའི་ནང་གསེས་དང་པོའི་དགོངས་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང༌། ཁྲིམས་ཞིབ་པ་གཞན་གཉིས་མཆོག་བཅས་སོ་སོའི་གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་མཆོག སྲིད་སྐྱོང་མཆོག་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་བསྐོ་འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུའི་ལམ་ནས་མང་མོས་ཐོབ་པ་དེར་ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་པར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུའི་ཆ་རྐྱེན་འོག དེ་སྔའི་ཁྲིམས་ཞིབ་པ་ཆེ་བ་རྣམ་རྒྱལ་ཚེ་རིང་མཆོག་དང་། བཀའ་ཟུར་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག་བཅས་ལས་གྲུབ་པའི་ཚོགས་ཆུང་ཞིག་བཙུགས་ནས་དྲིལ་བསྒྲགས་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་དང་། ཤེས་རིག་དྲུང་ཆེ་ངག་དབང་རབ་རྒྱལ་ལགས་གཉིས་མཐའ་མའི་འོས་གཞིར་འདེམས་ཐོན་བྱུང་ཡོད།
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དྲུག་པའི་གྲོས་ཚོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་འོས་འདེམས་གནང་ཆེད་སྤྱི་འཐུས་རྣམས་ཀྱིས་མཐའ་མའི་འོས་གཞིར་དྲིལ་བསྒྲགས་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་དང་། ཤེས་རིག་དྲུང་ཆེ་ངག་དབང་རབ་རྒྱལ་ལགས་རྣམ་གཉིས་ལ་ངོ་ཡོད་སྤྱི་འཐུས་རྣམས་ཀྱིས་འོས་ཤོག་བླུགས་ཡོད་ཁོངས་ནས་ཤེས་རིག་དྲུང་ཆེར་འོས་གྲངས་ ༢༤ ཐོབ་ཡོད་པ་དང། དྲིལ་བསྒྲགས་དྲུང་ཆེར་འོས་གྲངས་ ༡༨ ཐོབ་པར་བརྟེན། ཤེས་རིག་དྲུང་ཆེ་ངག་དབང་རབ་རྒྱལ་ལགས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་ཏུ་འདེམས་ཐོན་བྱུང་བའི་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསལ་བསྒྲགས་གནང་ཡོད།
འབུམ་རམས་པ་ངག་དབང་རབ་རྒྱལ་ལགས་ནི། ཕྱི་ལོ་ ༡༩༥༥ ཟླ་ ༡ ཚེས་ ༡ ཉིན་གངས་ལྗོངས་ཞིང་རིར་སྐྱེས་ཞིང་། ཕྱི་ལོ་ ༡༩༦༤ ནས་ ༡༩༧༣ བར་ཌལ་ཧོར་བོད་གཞུང་སློབ་གྲྭར་སློབ་སྦྱོང་སློབ་ཐོན་རྗེས། ཕྱི་ལོ་ ༡༩༧༤ ནས་ ༡༩༧༧ བར་ལྡི་ལི་མཐོ་རིམ་སློབ་ཁང་དུ་ཆབ་སྲིད་རིག་པ་Political Science ལ་སློབ་གཉེར་བྱས་ཏེ་ཆེད་གཉེར་ཉེ་བའི་གཙུག་ལག་རབ་འབྱམས་པའི་ BA Hons བསླབ་པ་མཐར་སོན། མཐོ་སློབ་འགྲིམ་སྐབས་ལྡི་ལི་ས་གནས་བོད་རིགས་གཞོན་ནུའི་དྲུང་ཆེ་གནང་།
ཕྱི་ལོ་ ༡༩༧༧ ནས་ ༡༩༧༩ བར་ལྡི་ལི་མཐོ་རིམ་སློབ་ཁང་དུ་རྒྱལ་སྤྱིའི་འབྲེལ་ལམ་དང་ཁྲིམས་International Relations and Law སོགས་ལ་སློབ་གཉེར་གནང་སྟེ་གཙུག་ལག་རབ་འབྱམས་པ་ MA བསླབ་པ་མཐར་སོན། སྐབས་དེར་ལྡི་ལི་ས་གནས་བོད་རང་དབང་ལྡན་པའི་ལས་འགུལ་གྱི་དྲུང་ཆེའི་ལས་འགན་ཞུས། ཕྱི་ལོ་ ༡༩༧༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་གི་བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ལ་བཙན་བྱོལ་ནས་དགེ་རྒན་གཏོང་གནང་མཛད་རྒྱུའི་བཀའ་སློབ་གསལ་བསྒྲགས་ཕེབས་པ་བཞིན་དང་བླང་དགེ་རྒན་ལ་འགྲོ་རྒྱུའི་ཁས་ལེན་ཞུ་མཁན་བོད་རིགས་གཞོན་ནུ་བཞི་བྱུང་བའི་ཁྲོད་ནས་གཅིག་ཡིན། ཕྱི་ལོ་ ༡༩༧༩ ནས་ ༡༩༨༠ བར་ལྡི་ལི་ཇ་མི་ཡ་ཨི་སི་ལ་མི་ཡ་ Jamia Millia Islamia གཙུག་ལག་སློབ་གཉེར་ཁང་ནས་དགེ་རྒན་འོས་སྦྱོང་B.Ed བསླབ་པ་མཐར་སོན།
ཕྱི་ལོ་ ༡༩༨༠ ནས་ ༨༡ བར་བོད་ལ་དང་བླངས་ཐོག་དགེ་རྒན་ལ་འགྲོ་རྒྱུའི་རེ་སྒུག་གིས་བོད་གཞུང་བདེ་སྲུང་འབྲེལ་ཡོད་ལས་ཁུངས་ནང་བོད་གནས་ཉམས་ཞིབ་གནང་། ཕྱི་ལོ་ ༡༩༨༢ ལོར་བོད་གཞུང་བཀའ་ཤག་ནས་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་Soviet Union ལ་གཞུང་འབྲེལ་སློབ་སྦྱོང་ལ་བཏང་གནང་མཛད་པ་བཞིན་རུ་སྐད་སྦྱངས་ཏེ། རྒྱལ་སྤྱིའི་འབྲེལ་ལམ་ཐོག་ལ་ཉམས་ཞིབ་གནང་སྟེ་ཕྱི་ལོ་ ༡༩༨༧ ལོར་འབུམ་རམས་པ་ Ph.D བསླབ་པ་མཐར་སོན།
ཕྱི་ལོ་ ༡༩༨༧ ནས་ ༡༩༩༢ བར་ལྡི་ལི་དོན་གཅོད་ཁང་དུ་ཆབ་སྲིད་ཉམས་ཞིབ་དང་འབྲེལ་སྐུ་ཚབ་དོན་གཅོད་མཆོག་ལ་བོད་རྒྱ་འབྲེལ་མོལ་གྱི་ཡིག་ཆ་སོགས་བདག་གཉེར་ཕྱག་རོགས་གནང་།
ཕྱི་ལོ་ ༡༩༩༣ ནས་ ༡༩༩༧ བར་འཆར་འབུལ་ཕྱག་རྟགས་བཞིན་རུ་སོག་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་སྟེ་ཕྱི་ལོ་ ༡༩༩༣ ཟླ་ ༣ ཚེས་ ༡༠ ཉིན་ཡུ་རུ་སུའི་རྒྱལ་ས་མོ་སི་ཁོར་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གསར་འཛུགས་དང་ཆབས་ཅིག བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གསར་འཛུགས། རུ་སྐད་ཐོག་བོད་གནས་བརྙན་འཕྲིན་ Novasti Tibeta གྱི་རྩོམ་སྒྲིག་འགན་ཁུར་གནང་།ཕྱི་ལོ་ ༡༩༩༧ ནས་ ༡༩༩༨ བར་རང་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ཟུང་དྲུང་དང་། ཕྱི་ལོ་ ༡༩༩༨ ནས་ ༡༩༩༩ བར་ཨ་རི་བོད་གཞུང་དོན་གཅོད་ཁང་དུ་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་དོན་གནས་ཚུལ་མཁོ་སྤྲོད་དང་ཞུ་གཏུག་སོགས་ཀྱི་ལས་ཁུར་གནང་།
ཕྱི་ལོ་ ༡༩༩༩ ནས་ ༢༠༠༥ བར་ཨ་རི་བོད་གཞུང་སྐུ་ཚབ་དོན་གཅོད་ཀྱི་འགན་ཁུར་གནང་། ཕྱི་ལོ་ ༢༠༠༥ ནས་ ༢༠༠༨ བར་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་གནང་། ཕྱི་ལོ་ ༢༠༠༨ ནས་ ༢༠༡༥ བར་ཨུ་རུ་སུ་དང་དེ་སྔོན་སྤྱི་མཐུན་རྒྱལ་ཁབ་ commonwealth of Independent States ཁག་ལ་རང་གཞུང་སྐུ་ཚབ་དོན་གཅོད་ཀྱི་འགན་ཁུར་གནང་། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༤ ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེའི་ལས་འགན་ཞུ་མུས་ཡིན་པ་བཅས།།