༢༠༡༦ ཟླ་ ༩ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་རྒྱལ་ཁབ་པོ་ལན་ཌིའི་ Wroclaw གྲོང་ཁྱེར་ནས་རྒྱང་ཐག་སྤྱི་ལེ་ ༥༠ སར་ཆགས་པའི་ Swidnica གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ཞི་བདེའི་མཆོད་ཁང་ Church of Peace ཞེས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གཅེས་ནོར་དུ་ངོས་འཛིན་གནང་བཞིན་པའི་ཡི་ཤུའི་ལྷ་ཁང་དུ་ཆིབས་སྒྱུར་བསྐྱངས་ནས་བཀའ་སློབ་སྩལ།
དེ་ཡང་༸གོང་ས་མཆོག་ཞི་བདེའི་མཆོད་ཁང་དུ་༸ཞབས་སོར་འཁོད་སྐབས་ཡེ་ཤུའི་ཆོས་དཔོན་ཝལ་ཌེ་མར་པེ་ཊལ་ Waldemar Pytel མཆོག་དང་སོ་ཝི་ཌི་ནི་ཀ་གྲོང་སྡེའི་སྤྱི་ཁྱབ་པ་ལྕམ་སྐུ་བྷེ་ཏ་ Mrs Beata Moskal-Slaniewska མཆོག་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
དེ་ནས་མཆོད་ཁང་ནང་བླ་ཆེན་ཁག་ཚང་འཛོམས་ཐོག་ Wroclaw གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ར་ཕལ་ Rafal Dutkiewicz མཆོག་གིས་ཕྱི་ཚེས་ ༢༡ ཉིན་མོ་དེ་བཞིན་རྒྱལ་སྤྱིའི་ཞི་བདེའི་ཉིན་མོ་ International Day of Peace ཞིག་ལ་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། ཐེངས་འདིར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་གཙོས་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཁྱད་པར་བ་རྣམས་གདན་འདྲེན་ཞུ་རྒྱུའི་རྒྱུ་མཚན་གཙོ་བོ་ནི། ཞི་བདེའི་འབོད་སྐུལ་གྱི་ཞུ་སྙན་ལ་མཚན་རྟགས་འགོད་ཆེད་ཡིན་སྐོར་དང་། ལས་འགུལ་དེ་འདྲ་སྤེལ་དགོས་དོན་ནི། ཉེ་ལམ་འཇར་མན་འོས་བསྡུའི་སྐབས་སྲིད་འཛིན་ལས་ཐོག་པ་ལྕམ་སྐུ་ཨེན་གྷེ་ལ་མར་ཀེལ་མཆོག་གི་ཡེ་ཤུ་མང་གཙོ་ཚོགས་པར་འཇར་མན་གཡས་ཕྱོགས་ཆབ་སྲིད་ཚོགས་པ་ Alternative for Germany ཞེས་པ་དེས་ཕམ་ཉེས་ཆེན་པོ་བཏང་ཡོད་པ་དང་། གཡས་ཕྱོགས་ཚོགས་པ་དེ་ནི་འཇར་མན་ཡུལ་དུ་ཕྱི་ནས་སྐྱབས་བཅོལ་དུ་ཡོང་བ་རྣམས་ལ་དམ་བསྒྲགས་དགོས་པའི་སྲིད་བྱུས་འཛིན་མཁན་ཞིག་ཡིན་པ་དང་། དེང་སྐབས་ཆབ་སྲིད་ཚོགས་པ་དེ་འཇར་མན་ཡུལ་ནང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྐོར། བྱང་ཀོ་རི་ཡས་ North Korea རྡུལ་ཕྲན་མཚོན་ཆ་ཐེངས་ལྔ་པ་ཚོད་ལྟ་བྱས་པ། དེ་བཞིན་རུ་སུས་ཀི་རི་མི་ཡའི་ Crimea ནང་བཙན་འཛུལ་བྱས་པ་སོགས་ཀྱི་གནས་ཚུལ་འཕོ་འགྱུར་མང་པོ་བྱུང་བའི་འགྲོས་ལ་བརྟེན་ནས་ཞི་བདེའི་ཆེད་འབོད་སྐུལ་ཞུ་སྙན་གྱི་གསལ་བསྒྲགས་སྤེལ་དགོས་པ་བྱུང་ཚུལ་སོགས་གསལ་བཤད་ཞུས། དེ་རྗེས་༸གོང་ས་མཆོག་ལ་བཀའ་སློབ་སྩལ་རྒྱུའི་གསོལ་འདེབས་ཞུ་པར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།
བཀུར་འོས་ཆོས་ཕྱོགས་དབུ་ཁྲིད་རྣམ་པ་དང་། སྤུན་མཆེད་ཕོ་མོ་ཚོ། དེ་རིང་ཞི་བདེའི་ལྷན་ཚོགས་འདི་ལྟ་བུར་བཅར་རྒྱུའི་གོ་སྐབས་བྱུང་བར་ངོས་རང་ཧ་ཅང་དགའ་པོ་བྱུང་། ཞི་བདེ་ངོ་མ་དེ་བསམ་བློའི་ནང་ནས་ཡོང་དགོས། འཇིགས་སྣང་དང་ཁོང་ཁྲོའི་འོག་ནས་ཞི་བདེ་ཡོང་ཐབས་མེད། དེང་སྐབས་ཚན་རིག་པ་ཁག་གཅིག་གིས་མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེ་ལྡན་པ་ཡིན་སྐོར་གསུང་བཞིན་ཡོད། ང་ཚོ་མའི་མངལ་ནས་བཙའ་སྐབས་མ་དེ་མཐའ་གཅིག་ཏུ་ཁྲོ་ནས་བསྡད་པ་ཡིན་ན་ང་ཚོ་སོན་པོར་གནས་ཐབས་མེད། མི་ཚེ་འགོ་འཛུགས་སྟངས་དེ་ཡང་བྱམས་བརྩེའི་ཐོག་ནས་འགོ་འཛུགས་དགོས་པ་ཡིན་སྟབས། ད་ཆ་ང་ཚོས་གཞན་ལ་བྱམས་བརྩེ་སྤེལ་རྒྱུ་གལ་ཆེ་ཡིན་པ་དེར་བསམ་བློ་མང་ཙམ་གཏོང་དགོས་པའི་དུས་ལ་བབ་ཡོད། ལྟ་གྲུབ་ཐོག་མི་འདྲ་བའི་ཁྱད་པར་ཡོད་ཀྱང་ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་བརྩེའི་བསླབ་བྱའི་སྐོར་གསུང་བཞིན་ཡོད། བློ་ཕམ་པ་ཞིག་ལ་དེང་སྐབས་ཆོས་མིང་ཁ་ལ་འཁྱེེར་ནས་རྙོག་གྲ་བཟོ་བཞིན་ཡོད།
དེར་བརྟེན་ང་ཚོས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་ཆེད་དམིགས་བསལ་འབད་བརྩོན་བྱེད་དགོས། ངོས་རང་ནང་པའི་དགེ་སློང་ཞིག་ཡིན། འོན་ཀྱང་ནང་པ་ཡིན་ཟེར་མཁན་ནང་དུའང་ནང་ཆོས་ཉམས་ལེན་ཐོག་བསམ་བློ་ཤུགས་ཆེན་པོ་མི་གཏོང་མཁན་དེ་འདྲ་ཡོད། ལྷ་ཁང་ནང་ལུས་ཀྱི་རྣམ་འགྱུར་སོགས་ཧ་ཅང་ཉམས་ལེན་ཡོད་མདོག་གི་རྣམ་འགྱུར་བསྟན་ཡང་ཉིན་རེའི་འཚོ་བའི་ཁྲོད་ཉམས་ལེན་དེ་ཙམ་མི་བྱེད་མཁན་དེ་འདྲ་ཡོད། ང་ཚོ་ནང་པ་དང་ཧིན་དུ། ཇིའུ། ཁ་ཆེ་སོགས་ཆོས་ལུགས་ཇི་འདྲ་ཞིག་རྗེས་སུ་འབྲང་བཞིན་ཡོད་ཀྱང་རང་ངོས་ནས་ཆོས་པ་ཞིག་ཡིན་བསམས་པའི་འདུ་ཤེས་ཡོད་ཚེ་ཉིན་རེའི་འཚོ་བའི་ཁྲོད་ཉམས་ལེན་ཡོང་ཐབས་གནང་གལ་ཆེ། སྒོ་གསུམ་གྱི་ཀུན་སྤྱོད་བྱམས་བརྩེ་ལྡན་པ་ཙམ་མིན་པར་རང་ཉིད་བསམ་བློ་བདེ་སྐྱིད་ལྡན་པ་ཞིག་ཡོང་བ་བྱེད་དགོས། ཞེས་བཀའ་སློབ་སྩལ་རྗེས་མགོན་པོ་གང་ཉིད་མཆོག་གི་སྐུ་ཚེའི་མཛད་ཁུར་གཙོ་བོ་གསུམ་གྱི་ཐོག་བཀའ་སློབ་སྩལ་དོན། ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ངོས་ནས་མིའི་བཟང་པོའི་རིན་ཐང་། བྱམས་པ་དང་བརྩེ་བ། བཟོད་སྲན་སོགས་གོང་མཐོར་གཏོང་རྒྱུ་དང་། ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་བཏང་རྒྱུ། དེ་བཞིན་བོད་མི་ཞིག་ཡིན་པའི་ངོས་ནས་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ངོས་ཀྱི་ལས་འགན་ཡིན། གོང་དུ་ཁྱེད་ཀྱིས་བོད་ཀྱི་གནད་དོན་སྐོར་གླེང་སློང་བྱུང་བར་བཀའ་དྲིན་ཆེ། ཞེས་སོགས་ཀྱི་བཀའ་སློབ་སྩལ་བསྟུན། ཞི་བདེའི་འབོད་སྐུལ་གྱི་ཞུ་སྙན་ཐོག་མཚན་རྟགས་འགོད་གནང་མཛད། དེ་ཡང་ཞི་བདེའི་འབོད་སྐུལ་གྱི་ཞུ་སྙན་ནང་འཁོད་དོན། དེ་རིང་ཆོས་ལུགས་དང་ཆོས་དད། དེ་བཞིན་རིག་གཞུང་འདྲ་མིན་གྱི་མི་སྣ་རྣམས་འཆམ་མཐུན་ངང་འཚོ་གནས་བྱེད་ཡུལ་ས་གནས་དམིགས་བསལ་ཅན་འདིར་ང་ཚོ་ལྷན་འཛོམས་བྱུང་ཡོད། དེར་བརྟེན་དེ་རིང་གི་ལྷན་འཛོམས་འདི་དམིགས་བསལ་ཅན་ཞིག་ཆགས་ཡོད་སྟབས། ང་ཚོ་ཆོས་དད་དང་ཆོས་ལུགས། དེ་བཞིན་ཡུལ་ལུང་མི་འདྲ་བ་ཡིན་མིན་ལ་མ་ལྟོས་པར་ཚང་མས་འཛམ་གླིང་ཞི་བདེའི་ཆེད་འབོད་སྐུལ་ཞུ་རྒྱུ་ཡིན། ཇི་སྲིད་མི་ཕན་ཚུན་དབར་བྱམས་པ་དང་བརྩེ་བ། བསམ་ཤེས་ཡོད་པ་དེ་སྲིད་དུ་ཞི་བདེ་ཡོང་ངེས། ཞེས་འཁོད་ཡོད།
དེ་ཡང་ཞུ་སྙན་ནང་མཚན་རྟགས་འགོད་གནང་མཛད་མཁན་ཡེ་ཤུ་དང་ཁ་ཆེ། ནང་པ། ཇིའུ་སོགས་ནས་བླ་ཆེན་དབུ་ཁྲིད་དགུ་ཡོད་འདུག ཞུ་སྙན་ལ་མཚན་རྟགས་བཀོད་གྲུབ་མཚམས་སྐུ་པར་ལྷན་སྒྲོན་མཛད། དེ་རྗེས་ཉིན་གུང་ལྗགས་སྨིན་ལྷན་བཞེས་མཛད། དེ་ནས་མགོན་པོ་གང་ཉིད་མཆོག་གསོལ་མགྲོན་ཁང་དུ་༸ཞབས་སོར་འཁོད་བསྟུན་གསར་འགོད་པ་ཁག་གཅིག་གི་དྲི་བར་བཀའ་ལན་མཛད།
སྤྱིར་ཞི་བདེའི་མཆོད་ཁང་ཞེས་པའི་ཐ་སྙད་བྱུང་ཚུལ་ནི་དེ་སྔ་སི་པེན་དང་ཧོལ་ལེན་ཌི་ཡུལ་གཉིས་དབར་ཕྱི་ལོ་ ༡༥༦༨ ནས་ ༡༦༤༨ བཅས་ལོ་ ༨༠ རིང་དམག་བརྒྱབ་མཐར་དམག་འཁྲུག་མཚམས་འཇོག་བྱས་པ་ཙམ་དུ་མ་ཟད། ཕྱི་ལོ་ ༡༦༡༨ ནས་ ༡༦༤༨ བར་ལོ་ངོ་ ༣༠ རིང་དབུས་ཡུ་རོབ་ཁུལ་དུ་རོམ་གྱི་མངའ་དབང་འོག་ཡོད་པའི་ཡེ་ཤུ་རྣམ་དག་ཆོས་ལུགས་དང་ཡེ་ཤུ་གསར་མའི་ཆོས་ལུགས་འཛིན་མཁན་དབར་དམག་བརྒྱབ་ནས་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་ཞི་བདེའི་གྲོས་ཆོད་ཁག་གཅིག་འཇོག་ཡུལ་གྱི་བསྟི་གནས་ཤིག་ཡིན་སྟབས་དེ་ལྟར་བརྗོད་སྲོལ་ཡོད་འདུག
སྐབས་དེར་གྲོས་ཆོད་དེ་ལྟར་བཞག་པ་དེས་ཡུ་རོབ་ཡོངས་རྫོགས་སུ་ཞི་བདེ་བྱུང་ཐུབ་མེད་ཀྱང་། དེང་སྐབས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ནང་རྒྱལ་ཁབ་སོ་སོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དང་། མངའ་དབང་ལྡན་པའི་རྒྱལ་ཁབ་ཕན་ཚུན་འཆམ་མཐུན་ངང་གནས་རྒྱུའི་ཐོབ་ཐང་ཡོད་པ་དེ་དག་འབྱུང་རྩ་དེ་གོང་གི་གྲོས་ཆོད་དེ་དག་ཡིན་འདུག དེར་བརྟེན་ཞི་བདེའི་མཆོད་ཁང་། ཞེས་པ་དེ་རྒྱལ་སྤྱིའི་གནའ་བོའི་རིག་གནས་ཤུལ་བཞག་ལ་ངོས་འཛིན་གནང་བཞིན་འདུག།