༢༠༡༦ ཟླ་ ༩ ཚེས་ ༢༠ རེས་གཟའ་མིག་དམར།
སྔོན་གླེང་།
༄༅། །ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་ཤོག་གཅིག་སྡུད་རིང་ལུགས་པས་རྒྱ་ནག་རྒྱལ་ཡོངས་ལ་དབང་བསྒྱུར་བྱས་པས་བློ་ཡིད་མ་ཚིམས་པར་འདོད་རྔམས་ཆེན་པོས་འཕྲལ་མ་ཉིད་དུ་བོད་ཁ་བ་གངས་ཅན་ཆོས་ལྡན་གྱི་ཞིང་ས་ཆེན་པོར་བཙན་འཛུལ་གྱིས་ཐོག་མར་བོད་མི་མང་ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་འགྲོལ་གཏོང་རྒྱུ་ཡིན་ཚུལ་མཁས་སྙན་གྱི་གཡོ་རྫུས་དང་། བསླུ་བྲིད་ཀྱི་བྱེད་ཐབས་ནས་འགོ་འཛུགས་ཀྱིས་རིམ་བཞིན་ཟིང་འཁྲུག་ཞོད་འཇགས་ཟེར་བ་དང་། དམངས་གཙོའི་བཅོས་སྒྱུར། བཙན་དབང་འོག་གྲོས་མཐུན་འཇོག་པ། རིག་གནས་གསར་བརྗེ། གྲལ་རིམ་འཐབ་རྩོད། ངོ་རྒོལ་གསུམ་དང་ཆག་ཡང་གཉིས། སློབ་གསོ་ཆེན་པོ་གསུམ། གཅིག་རྡུང་གསུམ་རྒོལ། དམག་ཁྲིམས་བསྡམས་པ། རྒྱལ་གཅེས་ཆོས་གཅེས། རྡུང་རྡེག་ཚ་ནན། གསུམ་གཅིག་བཞི་དོན་རྐྱེན་ལ་གདོང་ལེན་ཟེར་བ་སོགས་མིང་འདོགས་འདྲ་མིན་འོག་བོད་མིར་སྡུག་སྦྱོང་མནར་གཅོད་བྱེད་ཐབས་སྣ་དགུ་གཅིག་མཇུག་གཉིས་མཐུད་ཀྱིས་རིམ་པར་སྤེལ་ཡོད་པའི་ནང་བོད་མི་འབུམ་ཕྲག་མང་པོ་རྐྱེན་ལམ་དུ་བཏང་བ་དང་། ཆོས་བྱེད་དགེ་འདུན་གྱི་སྡེ་དགོན་སྟོང་ཕྲག་མང་པོ་གཏོར་བཤིག་བཏང་བ། བོད་མི་མང་པོ་རང་ཡུལ་བཞག་ནས་བཙན་བྱོལ་དུ་གྱར་དགོས་བྱུང་བ། གཞིས་ལུས་བོད་མི་རྣམས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་དཀའ་སྡུག་མནར་གཅོད་བསམ་ཡུལ་ལས་འདས་པ་མྱངས་དགོས་བྱུང་སྟེ། སྡུག་བསྔལ་དང་འཇིགས་སྣང་མ་བཟོད་པར་རང་གིས་རང་ལ་གྲི་བསྣུན་པ། ཕ་མ་བུ་ཕྲུག་ལག་གདང་སྦྲེལ་ཏེ་མཉམ་དུ་ཆུ་ལ་མཆོངས་ནས་རང་ཤི་རྒྱག་དགོས་བྱུང་བ་སོགས་མདོར་ན་བོད་མིའི་ཁྱིམ་ཚང་མང་པོར་མི་ཤི་ཁྱིམ་སྟོངས་བཟོས་པའི་རྗེས་འབྲས་དེ་དག་ནི་རྒྱ་དམར་གྱི་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ངན་པ་ལས་བྱུང་བ་ཤ་སྟག་ཡིན།
རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཀྱི་སྣོད་བཅུད་ཡོངས་སུ་གཏོར་བཤིག་དང་། སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བར་མཚམས་མེད་པ་ལུ་གུ་བརྒྱུད་དུ་བཏང་བར་བརྟེན་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ཀྱི་ཞི་རྒོལ་གྱི་ལས་འགུལ་ཡང་རྒྱུན་ཆད་མེད་པར་སྤེལ་དགོས་བྱུང་ཡོད་པ་མ་ཟད། ལྷག་པར་ཕྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོ་དང་། ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༠ བར་རྒྱ་དམར་གྱི་བཙན་གནོན་དང་གདུག་རྩུབ་ཀྱི་བྱ་སྤྱོད་རྣམས་བཟོད་ཐབས་ཡོངས་སུ་བྲལ་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་གངས་ཅན་ལྗོངས་སུ་གང་མྱུར་༸ཞབས་སོར་འཁོད་ཐུབ་པ་དགོས་རྒྱུ་དང་། བོད་ལ་རང་དབང་དགོས་པ། བོད་ཀྱི་སྐད་ཡིག་ལ་རང་དབང་དགོས་པ། ཁག་ཅིག་ནས་བོད་རང་བཙན་དགོས་པ་སོགས་གདུང་ཤུགས་དྲག་པོའི་འབོད་སྒྲ་དང་བཅས་སྐུ་ལུས་མེར་བསྲེགས་གནང་མཁན་ད་བར་དངོས་སུ་ཤེས་རྟོགས་ར་འཕྲོད་བྱུང་བ་བོད་མི་སེར་སྐྱ་ཕོ་མོ་མི་གྲངས་ ༡༤༤ བྱུང་ཡོད། འོན་ཀྱང་རྒྱ་གཞུང་གིས་གཞིས་ལུས་བོད་མིའི་མངོན་འདོད་རྣམས་བསྐང་རྒྱུའི་ཚབ་ཏུ་བྱེད་ཐབས་འདྲ་མིན་སྣ་ཚོགས་པའི་སྒོ་ནས་དམ་དྲག་ཆེ་རུ་གཏོང་བཞིན་ཡོད་པར་བརྟེན་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ཀྱིས་ཀྱང་འཚེ་མེད་ཞི་བའི་ལས་འགུལ་སྣ་ཚོགས་མ་སྤེལ་ཐབས་མེད་དུ་གྱུར་ཡོད།
གཞིས་ལུས་སྤུན་ཟླ་རྣམས་ཀྱིས་བོད་ནང་དཀའ་སྡུག་བཟོད་ཐབས་བྲལ་བའི་འོག་ནས་ལས་འགུལ་རིམ་པ་སྤེལ་དང་སྤེལ་མུས་ལ་བྱེས་སུ་འཁོད་པའི་བོད་མིའི་སྒྲིག་འཛུགས་དང་། ཚོགས་པ་ཁག མི་སྒེར་སོགས་ནས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་དང་སྤེལ་བཞིན་པ་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་གྲོས་ཚོགས་ཚོགས་དུས་རིམ་པར་གཞུང་འབྲེལ་མྱ་ངན་གུས་འདུད་དང་། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་བཞག་སྟེ་རྒྱལ་སྤྱིའི་ས་ཁྱོན་གང་སར་ཞུ་གཏུགས་བྱས་དང་བྱེད་མུས་སུ་ཡོད་པས། རྒྱལ་སྤྱིའི་ཁྱོན་ཡོངས་ནས་ཀྱང་རྒྱལ་ཁབ་མང་པོས་གཞུང་འབྲེལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་དང་། བསྒྲགས་གཏམ་སྤེལ་བ། ཐུགས་འཚབ་ཡོད་པའི་གསུང་བཤད་གནང་བས་མཚོན་རྒྱ་ནག་གཞུང་ལ་བོད་ནང་དམ་དྲག་མཚམས་འཇོག་གིས་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་པའི་རེ་འདུན་དང་། གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཆེད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གནང་དགོས་པའི་ཕྱོགས་གང་ས་ནས་འབོད་སྐུལ་ཤུགས་ཆེ་གནང་དང་གནང་བཞིན་ཡོད།
ད་ལྟའི་ཆར་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུའི་རྟགས་མཚན་མེད་ཁར་དམ་དྲག་དང་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་པས། ལོ་ལྔ་ཚན་གྱི་འཆར་གཞི་སྔ་རྗེས་དང་། མི་སེར་སྤེལ་ཡུལ་ཆེད་བོད་ཁུལ་དུ་གྲོང་ཁྱེར་གསར་འཛུགས། ལྷག་པར་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ བར་དུ་རྒྱ་ནག་གྲོང་ཁྱེར་ཁྲེན་ཏུའུ་ནས་ལྷ་ས་བར་དང་། གཞིས་རྩེ་ནས་གྲོ་མོ་བར། གཞིས་རྩེ་ནས་སྐྱིད་གྲོང་བར། སྐྱིད་གྲོང་ནས་བལ་ཡུལ་ས་མཚམས་ཧི་མ་ལ་ཡའི་རི་བརྒྱུད་བར་མེ་འཁོར་ལྕགས་ལམ་གྱི་ལས་གཞི་གསར་འཛུགས་བྱ་འཆར་གྱིས་བོད་གཙོས་ལྷོ་ཤར་ཨེ་ཤེ་ཡ་རྒྱལ་ཁབ་ཁག་དང་། ལྷག་པར་བལ་ཡུལ་དང་རྒྱ་གར་རྒྱལ་ཁབ་སོགས་ཁྱིམ་མཚེས་ཡུལ་གྲུར་འཇིགས་ཉེན་བཟོ་བའི་ཕུགས་རིང་གི་འཆར་གཞི་ལྡན་པའི་འཛུགས་སྐྲུན་ཞིག་དང་།
བོད་ནང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་མི་རབས་མང་པོ་རིམ་བརྒྱུད་ཀྱིས་རང་དབང་ངང་ལོངས་སུ་སྤྱད་ནས་ཡོང་བའི་ས་ཆ་རྣམས་བཙན་འཕྲོག་བྱེད་བཞིན་པར། ཉེ་བའི་སྔོན་དུའང་སེར་ཤུལ་རྫོང་ཟེར་བའི་སྒོ་ཆེན་ཉེ་འགྲམ་དུ་དགེ་འདུན་པ་བཟོད་པ་ཞུ་བས། རྩྭ་སའི་བདག་དབང་དགོས་འདུན་གྱི་ཞུ་འབོད་གནང་བར་རྒྱ་གཞུང་གི་ཉེན་རྟོག་པས་བཙན་འཁྲིད་བྱས་ཏེ་ས་གནས་ལས་བྱེད་པས་ས་ཆ་རྒྱལ་ཁབ་ཀྱི་བདག་དབང་ཡིན་སྟབས། ཁྱེད་ཚོ་འབྲོག་པར་བདག་དབང་གང་ཡང་མེད་པ་ཤེས་དགོས་ཞེས་དང་། རྗེས་སུ་རྒྱ་གཞུང་གི་ཐག་གཅོད་ལ་དང་ལེན་མ་བྱས་པར་ཞུ་གཏུག་བྱས་ཚེ་ཉེན་རྟོག་པ་བཏང་སྟེ་བཙོན་འཇུག་བྱ་རྒྱུ་ཡིན་པའི་སྡིགས་ར་སྐུལ་ཡོད་པ་སོགས་བོད་མི་རྣམས་རང་ཡུལ་དུ་འཚོ་གནས་བྱེད་པར་སྣོད་བཅུད་གཉིས་ལ་དཀའ་ངལ་ཧ་ཅང་ཆེན་པོ་བཟོ་བཞིན་ཡོད།
དེ་བཞིན་བོད་དཀར་མཛེས་ཁུལ་གསེར་རྟ་རྫོང་ཟེར་བའི་ཁོངས་སུ་ཡོད་པའི་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ལ་ཕྱི་ལོ་ ༢༠༠༡ དང་ ༢༠༠༢ ལོར་གྲྭ་བཙུན་ཚད་བཀག་དང་། གྲྭ་ཤག་གཏོར་བཤིག་བཏང་བ་སོགས་སྲིད་བྱུས་ངན་པ་དངོས་སུ་ལག་བསྟར་བྱས་ཡོད། འདི་ལོ་སླར་ཡང་ཕྱི་ཟླ་ ༧ ཚེས་ ༢༠ ནས་འགོ་འཛུགས་ཀྱིས་གསེར་རྟ་བླ་རུང་ཆོས་སྒར་དུ་ད་ལྟའི་ཆར་གྲྭ་ཤག་རྣམས་མངོན་སུམ་འཛེམས་མེད་ཀྱིས་གཏོར་བཤིག་གཏོང་བཞིན་པར་ཨ་རིའི་གཞུང་སོགས་དང་བརྒྱུད་ལམ་ཆེ་ཁག་ནས་འདིའི་སྐོར་དོ་སྣང་དང་། སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད།
དེ་བཞིན་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༨ ཉིན་རྔ་བ་ཀིརྟི་དགོན་གྱི་གྲྭ་ཤག་རེ་རེ་བཞིན་དུ་གྱོད་དཔེ་ཀློག་དེབ་ཟེར་བའི་དེབ་ཆུང་ཞིག་རྒྱ་གཞུང་གིས་འགྲེམས་སྤེལ་གྱིས་གྲྭ་པ་ཚང་མས་དེ་ལ་སློབ་སྦྱོང་ནན་ཏན་བྱེད་དགོས་ཚུལ་གྱི་བཙན་བཀའ་བཏང་ཡོད་པ་དང། གྱོད་དཔེ་ཀློག་དེབ་ཟེར་བ་དེའི་ནང་བོད་ཀྱི་རྒྱལ་དར་སྒྲེང་ཕྱར་དང་། བསྒྲགས་ཡིག་འགྲེམས་སྦྱར། མང་ཚོགས་སར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཕྱར་ནས་འབོད་སྒྲ་སྒྲོག་པ། རང་ལུས་མེར་བསྲེགས་དང་། མེར་སྲེག་གཏོང་བར་སྐུལ་བ། སྐད་འཕྲིན་བརྒྱུད་ཕྱི་རྒྱལ་ལ་གནས་ཚུལ་གཏོང་བ་སོགས་ནག་ཉེས་སུ་བརྩིས་ཏེ་ཁྲིམས་ཆད་གཅོད་རྒྱུ་ཡིན་ལུགས་ཀྱི་དམ་དྲག་འོག་བོད་མི་རྣམས་ཀྱི་མངོན་འདོད་འགྲུབ་པའི་འཚེ་མེད་ཞི་བའི་འགུལ་བསྐྱོད་ཇི་བྱས་ཐམས་ཅད་ཁྲིམས་འགལ་ནག་ཉེས་སུ་བརྩིས་ནས་འཛམ་གླིང་སྤྱི་སྲོལ་གྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་སུ་བྲལ་བའི་གནས་སྟངས་ཧ་ཅང་ཡ་ང་བའི་གནས་སུ་ལྷུང་ཡོད། འདི་ནི་རྒྱ་གཞུང་གིས་བོད་ཐོག་རྒྱལ་སྤྱིའི་ཁྲིམས་ལུགས་དང་མི་མཐུན་པའི་གདུག་རྩུབ་ཀྱི་བྱ་སྤྱོད་ལག་བསྟར་ཇི་བྱས་རྣམས་ཁྲིམས་མཐུན་ཡིན་པ་བཟོ་ཐབས་སུ་འབད་པ་ཞིག་ཡིན་པ་བོད་ནང་ནས་འགྲེལ་བརྗོད་གནང་ཡོད་པ་ལྟར། རྒྱ་ནག་དམར་པོའི་གཞུང་གིས་བོད་མིར་དྲག་གནོན་བྱེད་ཐབས་སུ་གཞི་མེད་སྐྱོན་འཛུགས་ཀྱི་འཁྱོག་བཤད་ཡིག་ཆ་དེ་རིགས་འགྲེམས་སྤེལ་བྱེད་བཞིན་ཡོད།
ཨ་རི་དང་ཡུ་རོབ་ནས་གཞུང་འབྲེལ་རྟོག་ཞིབ་མི་སྣ་དང་། རང་དབང་གི་གསར་འགོད་པ་སོགས་བོད་ནང་བསྐྱོད་རྒྱུར་བཀག་སྡོམ་བྱེད་པ་མ་ཟད། གལ་ཏེ་བསྐྱོད་ཐུབ་ཚེ་རྒྱ་གཞུང་གི་སྣེ་ཤན་མི་སྣ་མཉམ་བསྐྱོད་ཀྱིས་སྟངས་འཛིན་འོག་བསྐྱོད་དགོས་པས་བོད་ནང་གི་དངོས་ཡོད་གནས་ཚུལ་ཇི་བཞིན་ཤེས་རྟོགས་ཐུབ་ཀྱི་མེད་ལ། ཕྱིའི་ཡུལ་གྲུ་ཁག་གི་མི་སེར་དཀྱུས་མ་ཚུན་ལའང་བོད་ནང་འགྲུལ་བསྐྱོད་བྱེད་རྒྱུར་བལྟ་རྟོག་བཀག་སྡོམ་བྱས་ཏེ་དོན་སྙིང་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཡེ་ནས་མེད་པའི་དངོས་ཡོད་གནས་སྟངས་རྣམས་ཤེས་རྟོགས་མི་ཐུབ་པ་བཟོ་བཞིན་ཡོད།
ཕྱི་ལོ་ ༢༠༡༥ ལོར་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སྙན་ཐོ་བཏོན་པའི་ནང་། རྒྱ་ནག་གཞུང་ནས་བོད་ནང་མུ་མཐུད་ནས་བོད་མི་སྤྱི་དང་། ལྷག་པར་དུ་རང་ལུས་མེར་བསྲེགས་གཏོང་མཁན་གྱི་ནང་མི་ཉེ་འབྲེལ་ཚོ་གང་བྱུང་འཛིན་བཟུང་དོ་དམ་དང་། སྡུག་སྦྱོང་གཏོང་གི་ཡོད་པ། དེ་བཞིན་བོད་ནང་དམག་དཔུང་དང་ཉེན་རྟོག་པ་ཚད་ལས་བརྒལ་བ་འགྲེམས་འཇོག་བྱས་ནས་དམག་ས་ལྟ་བུ་བཟོས་ཏེ་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་ལུགས་དང་ཕྱོགས་མཚུངས་བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་སླད་ཕྱི་ཕྱོགས་ནས་གསར་འགོད་པ་གཏོང་གི་མེད་པ་དང་། གལ་སྲིད་ས་གནས་འགའ་ཤས་སུ་ཕྱིའི་གསར་འགོད་པ་འགྲོ་ཐུབ་པ་ཡིན་ནའང་དེ་དག་ལ་བོད་ནང་གི་དངོས་ཡོད་གནས་སྟངས་བཤད་མཁན་ཚོ་ལ་སྡང་ཟུག་དང་དོ་དམ་བྱེད་ཀྱི་ཡོད་པ།
ཡང་ཆོས་ལུགས་ཀྱི་བྱེད་སྒོ་ཁག་དང་ཁྱད་པར་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་དད་གུས་དང་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་པ་ཙམ་གྱིས་དོགས་གཞིའི་འོག་སྡང་ཟུག་དང་། དོ་དམ་བྱེད་པའི་གནས་ཚུལ་ཡང་ཡང་ཡོང་གི་ཡོད་སྐོར་འཁོད་ཡོད་པ་མ་ཟད། སྔ་ལོ་རྒྱ་ནག་གཞུང་གི་བཙོན་ཁང་ནང་སྨན་བཅོས་ཀྱི་མཐུན་རྐྱེན་མ་ཕུལ་བར་དགོངས་པ་རྫོགས་པའི་ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གནས་སྟངས་སྐོར་ཡང་ལུང་འདྲེན་གནང་འདུག སྙན་ཐོ་དེའི་ནང་། བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁུལ་དུ་རྒྱ་ནག་གཞུང་ནས་དམིགས་བསལ་གྱིས་དམ་དྲག་ཆེ་བ་བྱེད་ཀྱི་ཡོད་པའི་སྐོར་ཡང་འབུར་འདོན་གནང་ཡོད།
རྒྱ་ནག་དམར་པོས་ཕྱི་ལོ་ ༢༠༠༧ དང་ ༢༠༡༦ ལོ་སོ་སོར་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་སྐོར་ཐེ་བྱུས་ཀྱིས་ཆབ་སྲིད་ཀྱི་ཁེ་ཕན་ཁོ་ནའི་ཆེད་བོད་ཙམ་མིན་པར་འཛམ་གླིང་འདིའི་སྟེང་གི་ཆོས་ཁས་ལེན་མཁན་དང་ནང་པ་ཡོངས་ལ་ལྟོས་མེད་ཀྱིས་ངོ་ཚ་ཁྲེལ་གཞུང་ཡེ་ནས་བྲལ་བའི་བྱེད་བབ་འདི་ལ་ཀུན་གྱིས་དོགས་ཟོན་དང་འབྲེལ་བའི་གདོང་ལེན་བྱ་དགོས་པའི་གནད་དོན་གལ་ཆེ་ཞིག་ཡིན།
ད་དུང་རྒྱ་གཞུང་གིས་ཉེ་བའི་སྔོན་དུ་བཀྲ་ཤིས་ལྷུན་པོར་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཡིན་ཚུལ་གྱིས་བསྐོས་པའི་རྒྱལ་མཚན་ནོར་བུར་དུས་འཁོར་དབང་ཆེན་བྱ་རུ་བཅུག་པས་མ་ཚད། མང་ཚོགས་རྣམས་གྲོང་གསེབ་རྒྱང་ཐག་རིང་པོ་ཚུན་ཆད་ནས་དབང་ཞུ་བར་ཡོང་དགོས་པའི་ཁྲལ་འགེལ་གྱི་བཙན་བཀའ་བཏང་ཡོད། དེ་བས་རྒྱ་ནག་གཞུང་གིས་ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་འཛིན་བཟུང་དམ་དྲག་གིས་གནས་སྟངས་ཡེ་ནས་ཤེས་རྟོགས་བྲལ་བ་སྐུ་འཚོ་བཞུགས་ཡིན་མིན་ལའང་རྒྱལ་སྤྱིའི་ཁྱོན་ལ་དོགས་སེལ་གང་ཡང་བྱེད་ཀྱི་མེད་སྟབས་རྒྱ་གཞུང་གིས་ནམ་རྒྱུན་ཆོས་དད་རང་དབང་ཡོད་ཚུལ་ཤོད་བཞིན་པ་དང་ཡོངས་སུ་འགལ་ཡོད།
རྒྱ་གཞུང་གི་གནོན་ཤུགས་དང་། སུན་གཙེར། དམ་དྲག་འོག་གནས་བཞིན་པའི་གཞིས་ལུས་རྒྱ་ཆེའི་མི་མང་གི་རྒྱལ་ཞེན་སྙིང་སྟོབས་ལ་ཡི་རངས་བསྔགས་བརྗོད་དང་། ལྷག་པར་དུ་བོད་མི་རིགས་ཀྱི་རྩ་དོན་ཆེད་དུ་རང་སྲོག་བློས་བཏང་མཛད་མཁན་སྐུ་གཤེགས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། དེ་བཞིན་རྒྱའི་བཙོན་འོག་ཏུ་དཀའ་སྡུག་མྱངས་དང་མྱོང་བཞིན་པ་རྣམས་ཀྱི་གནས་སྟངས་ཛ་དྲག་ཅི་ཆེ་ངང་གནས་བཞིན་ཡོད་པར། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་འདིར་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་གྱི་གྲོས་ཆོད་ཅིག་འཇོག་དགོས་གལ་ཆེར་མཐོང་།
གྲོས་ཆོད།
༡། བོད་མི་རིགས་ཀྱི་རྩ་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། དེ་བཞིན་བོད་མིའི་འཐབ་རྩོད་ཆེད་རྒྱ་གཞུང་གི་བཙོན་འོག་ཏུ་དཀའ་སྡུག་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་དང་སྦྲགས། ཁོང་རྣམ་པའི་ཤུལ་ལུས་ནང་མི་ཉེ་འབྲེལ་སོགས་ལ་གདུང་སེམས་མཉམ་སྐྱེད་དང་འབྲེལ་ཐུགས་གསོའི་འཚམས་འདྲི་དང་། དམ་པ་ཁོང་རྣམས་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་ནས་སླར་ཡང་བོད་ཁ་བ་གངས་ཅན་གྱི་ཞིང་དུ་མྱུར་དུ་སྐྱེ་བ། རྒྱའི་དམ་དྲག་བཀག་བསྐྱིལ་འོག་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་རྣམས་མགྱོགས་མྱུར་གློད་བཀྲོལ་ཡོང་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་དང་།
༢། གཞིས་བཞུགས་བོད་མི་རྣམས་ཀྱིས་རང་ཡུལ་ནང་རྒྱ་དམར་གྱི་དྲག་རྩུབ་ཀྱི་བཙན་གནོན་ཁོ་ནའི་འོག་དཀའ་སྡུག་རྒྱུན་མི་ཆད་དུ་མྱངས་དགོས་བྱུང་བར་འུ་ཐུག་ཐབས་མེད་བཟོད་བྲལ་དུ་གྱུར་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་མི་རྣམས་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་པ། ཁག་ཅིག་ནས་བོད་རང་བཙན་དགོས་པ་སོགས་གདུང་འབོད་ཤུགས་དྲག་དང་བཅས་སོ་སོའི་རང་ལུས་ཚུན་ཞུགས་འབུལ་གྱིས་ལེགས་སྐྱེས་སུ་འབུལ་གནང་གི་གཟི་བརྗིད་ལྡན་ཞིང་། བློས་བཏང་ཆེན་པོའི་དཔའ་མཛངས་ཀྱི་སྙིང་སྟོབས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཡི་རངས་བསྔགས་བརྗོད་དང་འབྲེལ་རྩ་ཆེའི་སྐུ་སྲོག་ཤོར་བ་རྣམས་དང་། འཛིན་བཟུང་དོ་དམ་འོག་སྡུག་སྦྱོང་མནར་གཅོད་མི་བཟད་པ་མྱོང་བཞིན་པ་བཅས་ལ་སྙིང་དབུས་ནས་གུས་བཏུད་དང་གདུང་སེམས་མཉམ་སྐྱེད་ཞུ་བ་དང་ཆབས་གཅིག་རྒྱ་གཞུང་གིས་འཚེ་མེད་ཞི་བའི་ལས་འགུལ་བའི་དགོས་འདུན་ཁག་ལ་ཡ་ལན་བདག་སྤྲོད་བྱ་རྒྱུའི་རྣམ་པ་ཙམ་ཡང་མེད་པར་དྲག་གནོན་བྱེད་རྐྱང་བྱེད་པར་སྐྱོན་བརྗོད་ཤུགས་ཆེ་བྱ་རྒྱུ་ཡིན།
༣། རྒྱ་ནག་དམར་གཞུང་གིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བ་དང་། བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བ་སོགས་བོད་མིའི་ཐོག་བཙན་གནོན་གྱི་སྲིད་བྱུས་ཐབས་སྡུག་འདི་རིགས་འཕྲལ་ནས་མྱུར་དུ་མཚམས་འཇོག་གིས་བོད་མི་ཚོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ནང་གསལ་དང་། གཞི་རིམ་གྱི་ཐོབ་ཐང་ཁག་ལག་བསྟར་དོན་འཁེལ་ངེས་པར་ཡོང་བའི་འགན་ལེན་བྱ་དགོས་པ་དང་། བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་སྲིད་བྱུས་མིང་དོན་མཚུངས་པ་དངོས་སུ་ལག་བསྟར་དོན་འཁྱོལ་ཡོང་ཆེད་བོད་རྒྱ་གཉིས་དབར་ཞི་མོལ་གྱི་ལས་དོན་འཕྲལ་དུ་འགོ་འཛུགས་བྱ་དགོས།
༤། རྒྱ་ནག་གཞུང་གི་བཙོན་ཁང་ནས་གློད་གྲོལ་ཐོབ་པའི་བོད་ནང་གི་རང་རིགས་ཆབ་སྲིད་བཙོན་ཟུར་མང་ཆེ་བར་མཁལ་མཆིན་གྱི་ནད་གཞི་ཕོག་འདུག་པ་དེ་དག་ལ་རྒྱལ་སྤྱིའི་སྤྱི་ཚོགས་དང་། བོད་དོན་རྒྱབ་སྐྱོར་བ་ཚོས་དམིགས་བསལ་ཐུགས་སྣང་དང་རོགས་རམ་ཡོངས་ཐབས་ཀྱི་གཞེན་སྐུལ་ཞུ་རྒྱུ།
༥། བོད་ནང་གི་དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་རྒྱལ་སྤྱིའི་ཕྱོགས་ལྷུང་མེད་པའི་རང་དབང་ཅན་གྱི་སྐུ་ཚབ་ཚོགས་པ་དང་། གསར་འགོད་པ། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་པ་བཅས་བོད་ནང་འཕྲལ་མར་ཡོང་འཇུག་དགོས།
༦། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུ་ཁྲིད་རྣམ་པས་རྒྱ་ནག་གི་འགོ་ཁྲིད་ཚོར་དྲང་བདེན་གྱི་གནས་ལུགས་གསེད་དཀྲོལ་གནང་སྟེ། བོད་མིའི་དགོས་འདུན་རྣམས་འགྲུབ་ཐབས་དང་ཚེ་སྲོག་སྐྱོབ་ཐབས་བཅས་པར་ནུས་ཐོན་གྱི་འགན་འཁུར་འཕྲལ་མར་ལེན་གནང་ཡོང་བའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ།
༧། ཉེ་བའི་ཆར་བྷེལ་ཇམ་གྱི་རྒྱལ་ས་སྦར་སིལ་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༧ པ་གཟི་བརྗིད་ངང་བསྐོང་ཚོགས་ཀྱིས་བོད་མིའི་རང་དབང་རྩོད་ལེན་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། གཞན་ཡང་རྒྱའི་བཙན་འོག་ཏུ་དཀའ་སྡུག་མྱངས་དང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཇེ་ཞན་ཇེ་སྡུག་ཏུ་གཏོང་བཞིན་པ། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་དུ་གཏོང་བ། བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་དང་འབྲེལ་བ་སོགས་དོན་གནད་གལ་ཆེ་མང་པོོའི་ཐོག་བཀའ་བསྡུར་བགྲོ་གླེང་དང་འབྲེལ་བློ་འཚབ་ཀྱི་རྣམ་པ་ཤུགས་ཆེ་བསྟན་པ་མ་ཟད། དངོས་སུ་ལག་བསྟར་བྱ་ཕྱོགས་ཐད་དོན་སྙིང་ལྡན་པའི་གྲོས་ཆོད་བཞག་འདུག ད་རེས་གོ་སྐབས་འདི་བརྒྱུད་ནས་བོད་དོན་རྒྱབ་སྐྱོར་བ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ད་དུང་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ།
༨། ད་ཕན་རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་བློ་འཚབ་དང་། བོད་མིར་གདུང་སེམས་མཉམ་སྐྱེད། གྲོས་ཚོགས་ནང་གྲོས་ཆོད་བཞག་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག རྒྱ་རིགས་མང་གཙོ་ལས་འགུལ་གྱི་ཚོགས་པ་ཁག དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་སྐྱེ་བོ་སྒེར་བཅས་ཡོངས་ཀྱིས་འཚེ་མེད་ཞི་བའི་སྒོ་ནས་རྣམ་པ་དུ་མའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་བ་དང་སྦྲགས། ད་དུང་བོད་དོན་བདེན་མཐའ་གསལ་ཐབས་སྤྱི་དང་། ལྷག་པར་དེང་སྐབས་བོད་ནང་གི་ཛ་དྲག་དཀའ་ངལ་རྣམས་འཕྲལ་ནས་མྱུར་དུ་སེལ་བའི་བདེན་རྒྱབ་དཔུང་རོགས་སྔར་བཞིན་ཡོང་བ་ཞུ་རྒྱུ། ལྷག་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཀྱང་བོད་ནང་ཛ་དྲག་གི་གནས་སྟངས་ལ་རྟོག་ཞིབ་ཆེད་འཕྲལ་དུ་སྐུ་ཚབ་བསྐོ་གཏོང་ཡོང་བའི་འབོད་བསྐུལ་བསྐྱར་ནན་དུ་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༠ ལ།།
གྲོས་འཆར་འདོན་མཁན་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས།
རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས།