༢༠༡༦ ཟླ་ ༩ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༩ ཉིན་༸གོང་ས་མཆོག་སི་ཊར་སི་བྷག་ Strasbourg ནས་པོ་ལེན་ཌིར་ཆིབས་ཞལ་མ་བསྒྱུར་གོང་ཁུལ་དེའི་ Elle magazine ཞེས་པའི་དུས་དེབ་ཀྱི་གསར་འགོད་པ་ལྕམ་སྐུ་ Dorothée Werner ལགས་ཀྱིས་དྲི་བར་བཀའ་ལན་སྩལ་སྐབས། ཁོར་ཡུག་གི་གལ་གནད་དང་། ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་གྱུར་ཡིན་ཚུལ། བུད་མེད་ཀྱི་གནས་བབས་སྤྱི་དང་ལྷག་པར་སྤྱི་ཚོགས་ནང་བུད་མེད་ཚོས་འགོ་ཁྲིད་ཀྱི་འགན་ཁུར་མང་ཙམ་ལེན་དགོས་པའི་གལ་གནད་སོགས་ཀྱི་དྲི་བར་བཀའ་ལན་མཛད།
དེ་རྗེས་ཁུལ་དེའི་རིག་གཞུང་དང་འབྲེལ་བའི་བདུན་རེའི་གསར་ཤོག་ weekly cultural magazine ཞེས་པའི་གསར་འགོད་པས་ང་ཚོ་འཆི་བའི་གནས་སྐབས་སུ་རྣམ་པར་ཤེས་པའི་གནས་སྟངས་གང་འདྲ་ཆགས་རྒྱུ་ཡིན་སྐོར་བཀའ་འདྲི་ཞུ་སྐབས། མགོན་པོ་གང་ཉིད་མཆོག་གིས་སྐྱེ་བ་སྔ་མ་ཧ་ཅང་གསལ་པོར་དྲན་མཁན་གྱི་བྱིས་པ་མང་པོ་ཞིག་གཟིགས་མྱོང་ཡོད་སྐོར་དང་། དུས་ཡུན་རིང་པོའི་རིང་ནས་ཚན་རིག་ལ་མགོན་པོ་གང་ཉིད་མཆོག་གིས་ཐུགས་སྣང་ཧ་ཅང་མཛད་བཞིན་ཡོད་སྐོར་སོགས་བཀའ་ལན་སྩལ་དོན། ངོས་རང་ཆུང་དུས་ནས་ཚན་རིག་ལ་དོ་སྣང་ཧ་ཅང་ཡོད་པ་མ་ཟད། འཕྲུལ་རིགས་ཀྱི་བྱེད་ལས་ལ་དོ་སྣང་ཆེན་པོས་ཤེས་འདོད་བྱེད་མཁན་ཞིག་ཡིན་སྐོར་བཀའ་ལན་སྩལ།
གསར་འགོད་པའི་བཅར་འདྲིར་དང་ལེན་མཛད་རྗེས་ཆིབས་སྒྱུར་གོ་སྒྲིག་གི་དང་བླངས་ཞབས་ཞུ་བ་མི་གྲངས་ ༥༠ ཙམ་ལ་མཇལ་ཁ་དང་སྐུ་པར་ལྷན་སྒྲོན་ཞུས་གྲུབ་མཚམས། སི་ཊར་སི་བྷག་ནས་མཁའ་ལམ་བརྒྱུད་པོ་ལེན་ཌིའི་གྲོང་ཁྱེར་ Wroclaw གནམ་ཐང་དུ་༸ཞབས་སོར་འཁོད། སྐབས་དེར་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ Rafal Dutkiewicz མཆོག་གིས་ཕེབས་བསུའི་སྣེ་ལེན་ཞུས་ཏེ་བཞུགས་གནས་མགྲོན་ཁང་དུ་ཕེབས་སྐྱེལ་ཞུ་སྐབས་ཁུལ་དེར་གནས་སྡོད་བྱེད་མཁན་དང་སློབ་གཉེར་གནང་བཞིན་པའི་བོད་མི་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་སོགས་ཐོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
༸གོང་ས་མཆོག་ཁུལ་དེར་༸ཞབས་སོར་འཁོད་མ་ཐག་ཆེད་མངགས་རྒྱལ་ས་ཝར་སོ་ནས་མཇལ་བཅར་དུ་བཅར་བའི་པོ་ལན་ཌིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་མཇལ་ཁ་སྩལ། སྤྱིར་ཕྱི་ལོ་ ༢༠༡༦ ལོ་འདི་བཞིན་ Wroclaw ས་གནས་ལ་ཡུ་རོབ་རིག་གཞུང་གི་རྒྱལ་ས། ཞེས་ལོ་གཅིག་རིང་ཁུལ་དེར་ཡུ་རོབ་ཀྱི་རིག་གཞུང་འདྲ་མིན་ཁག་མི་ཉམས་རྒྱུན་འཛིན་ཆེད་ལས་འགུལ་རིགས་འདྲ་མིན་སྤེལ་བཞིན་ཡོད་འདུག དེ་ཡང་༸གོང་ས་མཆོག་གིས་ཕྱི་ཚེས་ ༢༠ ཉིན་ཁུལ་དེར་བཟོད་སྲན་དང་སྡུམ་སྒྲིག་ Forgiveness and Reconciliation ཅེས་པའི་བརྗོད་གཞི་དང་འབྲེལ་བའི་འགྲེམས་སྟོན་གཟིགས་སྐོར་མཛད་པ་དང་སྦྲགས། Depot History Centre ཞེས་པར་རང་དབང་གི་སྐོར་བཀའ་སློབ་བསྩལ་རྒྱུ་ཡིན་འདུག་པ་བཅས།།