ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་༢༠༡༦ ཟླ་ ༩ ཚེས་ ༧ ཉིན་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༦ དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སློབ་སྟོན་པ་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་སྤྱི་འཐུས་པདྨ་བདེ་ལེགས་ལགས། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བསྟན་འཛིན་ཡིད་དགའ་ལགས། པདྨ་རྡོ་རྗེ་ལགས། སི་ཀེ་རའི་ C K Rai ལགས་བཅས་ལྷན་འཛོམས་ཀྱིས་ཐོག་མར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བསྟན་འཛིན་ཡིད་དགའ་ལགས་ཀྱིས་སྐུ་མགྲོན་རྣམས་ཕེབས་བསུ་དང་སྦྲགས་ད་ལྟའི་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་གནས་སྟངས་སྐོར་ངོ་སྤྲོད་གནང་རྗེས། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་སྤྱི་འཐུས་པདྨ་བདེ་ལེགས་ལགས་ཀྱིས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་འཕེལ་རིམ་དང་མ་འོངས་ལས་འཆར། དེ་བཞིན་བོད་མིའི་གཞིས་ཆགས་ཁག་གི་མཉམ་འབྲེལ་ནང་བོད་མི་རྣམས་ནས་མཉམ་བཞུགས་དང་གཞོན་སྐྱེས་མང་དག་ཞིག་གིས་འོས་བསྡུའི་ལམ་ནས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་འགན་འཛིན་ལྷན་ཚོགས་ཁོངས་སུ་འོས་འདེམས་བྱུང་སྟེ། སོ་སོའི་གཞིས་ཆགས་ཁག་གི་ནང་ཡར་རྒྱས་ཇི་ལྟར་གཏོང་ཐབས་ཐོག་བརྟག་ཞིབ་ནན་བྱས་པའི་བརྒྱུད་ལས་དོན་ཧུར་ཐག་གནང་ཡོད་པ་མ་ཟད་མི་མང་དཀྱུས་མ་དང་མ་ཤེར་བདག་སོགས་ལ་ཁེ་ཕན་ཡང་མང་དག་ཅིག་བསྐྲུན་ཐུབ་ཡོད་སྐོར།དེ་བཞིན་ཁོང་གིས་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཚོགས་པའི་སློབ་སྟོན་པ་གནང་རོགས་ཞེས་རེ་འདུན་ཞུས་པ་ལྟར་མོས་མཐུན་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།
དེ་རྗེས་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་བཤད་གནང་དོན། ངས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སློབ་སྟོན་པའི་ལས་གནས་འདིར་མོས་མཐུན་ཞུ་རྒྱུར་དགའ་ཚོར་ཆེན་པོ་བྱུང་བ་མ་ཟད། བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནི་མི་མང་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་སྟབས། མང་ཚོགས་ཀྱི་བདེ་དོན་ཆེད་ཞབས་འདེགས་བསྒྲུབ་རྒྱུའི་གོ་སྐབས་ཤིག་ཀྱང་འདུག ཅེས་དང་། ད་དུང་ཁོང་གིས་བོད་མིའི་གཞིས་ཆགས་ཁག་ཐོག་མར་གསར་འཛུགས་སྐབས་དཀའ་ངལ་འཕྲད་དུས་མཉམ་འབྲེལ་གྱིས་བོད་མིའི་གཞིས་ཆགས་ཁག་གི་ནང་ཡར་རྒྱས་ཀྱི་བྱེད་སྒོ་སྤེལ་ཡོད།
དེ་ནས་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་རང་རེའི་སྤྱི་ཚོགས་ནང་དགོས་མཁོ་གཞིར་བཟུང་ཡར་རྒྱས་བསྐྲུན་ཐུབ་པ་ལ་བསྔགས་བརྗོད་གནང་ཡོད། བཀའ་བློན་མཆོག་གིས་ད་དུང་བོད་མིའི་སྤྱི་ཐུན་མཉམ་འབྲེལ་ཚོགས་པས་འཛིན་སྐྱོང་དང་བཀོད་བྱུས་སྟངས་འཛིན་གནད་སྨིན་ཡོང་སླད་མཉམ་འབྲེལ་གྱི་སྒྲིག་གཞི་དང་གནས་ཡུལ་རྒྱལ་ཁབ་དང་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ལྟར་བརྩི་སྲུང་བྱ་གལ་སྐོར་ནན་བརྗོད་གནང་སོང་། དེའི་ཐོག་འབྲེལ་ཡོད་མི་སྣ་རྣམས་ལ་ཚོགས་པའི་དམིགས་ཡུལ་དང་འགན་འཁྲི་སོགས་ཀྱི་སྐོར་ཟབ་སྦྱོང་དང་སྦྱོང་བརྡར་སོགས་ཕུལ་ཏེ་ཚོགས་པ་དེ་ལམ་ལྷོངས་ལྡན་པ་ཞིག་བཟོ་དགོས་གལ་ཡིན་སྐོར་དང་མནམ་འབྲེལ་གྱི་ལས་དོན་ལམ་ལྷོངས་ཡོང་སླད་ཚང་མས་འགན་ཁུར་དགོས་གལ་སྐོར་ནན་བརྗོད་གནང་སོང་།
ད་དུང་བཀའ་བློན་མཆོག་གིས་ཚོང་ལས་ནང་མི་མང་གི་མཉམ་བཞུགས་དགོས་སྐོར་དང་བཀའ་ཤག་སྐབས་༡༥ལས་འཆར་ལྔ་དང་ལ་བཅུ། དེ་བཞིན་ ༼བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིས་བྱུས་ ༢༠༡༤༽ ལག་སྟར་གནང་ཕྱོགས་དང་། སྲིད་བྱུས་དེའི་འོག་མཉམ་འབྲེལ་ནས་རྒྱ་གར་དབུས་གཞུང་དང་མངའ་སྡེའི་གཞུང་སོ་སོའི་ཁེ་ཕན་རིགས་ཐོབ་ཐབས་བྱ་དགོས། དེ་རྗེས་བཀའ་བློན་མཆོག་གིས་བཀའ་ཟུར་རྒྱ་རིས་སྒྲོལ་མ་ལགས་ནས་མཉམ་འབྲེལ་གྱི་སློབ་སྟོན་པའི་འགན་ཁུར་བཞེས་བཞིན་ཡོད་པས་བོད་མིའི་སྒྲིག་འཛུགས་དང་མཉམ་འབྲེལ་དབར་སྔར་ལས་ལྷག་པའི་འབྲེལ་བ་དང་མཐུན་འགྱུར་ཡོང་བའི་ཡིད་ཆེས་དང་། ནང་སྲིད་ལས་ཁུངས་ནས་ཀྱང་གང་སྤྱིའི་ཐད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་སོགས་གསུངས།
ཐེངས་འདིའི་ཚོགས་ཆེན་ནང་སྤྱི་མཐུན་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་དང་མཉམ་འབྲེལ་ཁག་བཅོ་ལྔའི་དྲུང་ཆེ་གཙོས་པའི་མཉམ་འབྲེལ་གྱི་ལས་བྱེད་བཅས་ཁྱོན་མི་གྲངས་ ༤༠ ཙམ་མཉམ་བཞུགས་གནང་ཡོད་པ་དང་། བོད་མིའི་མཉམ་འབྲེལ་ཚོགས་ཆེན་དེ་བཞིན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱིས་གོ་སྒྲིག་གནང་བའི་ཐོག་ར་ཝང་ལ་ཀུན་ཕན་གླིང་མཉམ་འབྲེལ་གྱིས་འབྲེལ་མཐུད་གནང་ཡོད། སྐབས་དེའི་ཚོགས་ཆེན་ནང་གཙོ་བོར་ད་ལྟའི་གནས་ཡོད་ཚོང་ལས་ཁག་སྐྱར་གསོ་དང་མ་འོངས་པར་གསར་གཏོད་ཅན་གྱི་ལས་གཞི་བསྩམས་རྒྱུ། དེ་བཞིན་མངའ་སྡེ་སོ་སོ་ནས་རོགས་སྐྱོར་བསྒྲུབ་ཐབས་དང་དཔལ་འབྱོར་གྱི་རྒྱབ་སྐྱོར་གོང་འཕེལ་གཏོང་རྒྱུ་བཅས་སྐོར་གྲོས་བསྡུར་གནང་ཡོད།
བོད་མིའི་གཞིས་ཆགས་ཁག་གི་མཉམ་འབྲེལ་རྣམས་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་རྒལ་ཚིགས་ལྟ་བུ་དང་དེ་དག་གིས་འགན་ཁུར་ཐོག་བོད་མིའི་གཞིས་ཆགས་ཁག་ནང་ཡར་རྒྱས་ཀྱི་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད། ཚོགས་འདུའི་སྐབས་མཉམ་འབྲེལ་ཁག་བཅོ་ལྔས་སོ་སོའི་ལོ་འཁོར་ལས་བསྡོམས་དང་ལོ་འཁོར་རྩིས་ཁྲ་སྟོན་གྲུབ་མཚམས་དྲི་བ་དྲིས་ལན་གནང་ཡོད་པ་མ་ཟད། དེའི་སྔོན་གྱི་གྲོས་འཆར་ཁག་ལག་སྟར་བྱུང་མིན་སྐོར་དཔྱད་ཞིབ་ཀྱང་གནང་ཡོད། ཚོགས་འདུའི་ཕྱི་ཉིན་སྐབས་ཚོགས་བཅར་བ་རྣམས་སྡེ་ཚན་སོ་སོརའགོས་ཏེ་ཚོགས་འདུའི་ལས་དོན་ཐོག་་གྲོས་བསྡུར་གྱིས་སྙན་ཐོ་ཆབས་འབུལ་དང་གྲོས་འཆར་ཁག་ལག་སྟར་གནང་རྒྱུའི་གྲོས་ཆོད་གཏན་འབེབས་གནང་ཡོད།།