༢༠༡༠ ཕྱི་ཟླ་ ༦ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་ཀོ་ཧ་མ་གྲོང་ཁྱེར་ནང་གི་ཨིན་ཊར་ཁོན་ཊི་ནེན་ཊལ་ཡོ་ཀོ་ཧ་མ་ཚོགས་ཁང་ནང་ (Yokohama Grand Intercontinental Hotel) དུ་གྲོང་ཁྱེར་དེའི་ནང་རྟེན་གཞི་བྱས་པའི་ཆེས་མཐོའི་གཙུག་ལག་སློབ་གྲྭ་ཁག ༢༠ ནས་བསྡུས་པའི་འཐུས་མི་སློབ་ཕྲུག་གྲངས་ ༡༠༠ བརྒལ་བ་དང་། དེ་བཞིན་ཤེས་ཡོན་དང་འབྲེལ་བའི་མཁས་པ་ཁག་གཅིག་ཀྱང་བཅར་ཡོད་པ་རྣམས་ལ་འཛམ་གླིང་འདིའི་སྟེང་འཕྲད་བཞིན་པའི་འགྲོ་བ་མིའི་རིགས་དང་གོ་ལའི་ཚ་དྲོད་སོགས་ཀྱི་དཀའ་ངལ་གྱི་གནད་དོན་མང་པོ་ཞིག་གི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་རྗེས་སློབ་ཕྲུག་རྣམས་དང་ཕན་ཚུན་དགོངས་ཚུལ་བརྗེ་ལེན་མཛད་ཡོད།
ཐེངས་འདིའི་མཛད་རིམ་དེ་ནི་ཉི་ཧོང་ནང་སྙན་གྲགས་ཅན་གྱི་དཔེ་སྐྲུན་ཁང་ཀོ་ཌན་ཤཱ་ (Kodansha) ཞེས་པ་དང་ཉི་ཧོང་བོད་གཞུང་སྐུ་ཚབ་དོན་གཅོད་ལས་ཁུངས་གཉིས་ནས་ཟུང་འབྲེལ་ཐོག་གོ་སྒྲིག་གནང་བ་ཞིག་ཡིན་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་ཁང་དེའི་ནང་༸ཞབས་སོར་མ་འཁོད་གོང་ཙམ་དུ་ཐེངས་འདིའི་བཀའ་སློབ་དང་བསམ་ཚུལ་བརྗེ་ལེན་གྱི་ལྷན་ཚོགས་དེའི་གཙོ་སྐྱོང་བ་ཉི་ཧོང་ཕི་ཇི་བརྙན་འཕྲིན་ཁང་གི་དཔྱད་གཏམ་སྤེལ་མི་གྲགས་ཅན་གསར་འགོད་པ་སྐུ་ཞབས་ཨ་ཀི་ར་ཨི་ཀེ་ག་མེ་ (Mr Akira Ikegami) ལགས་ཀྱིས་སློབ་ཕྲུག་རྣམས་ལ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་འདི་གར་ཆིབས་སྒྱུར་བསྐྱང་གི་ཡོད་པས་ང་ཚོས་དུས་ཚོད་དམ་འཛིན་བྱས་ཏེ་རང་རང་གི་བསམ་ཚུལ་དང་དྲི་བ་ཞུ་ཕྱོགས་ཐད་ལམ་སྟོན་གསུང་བཤད་གནང་གྲུབ་རྗེས་ཆུ་ཚོད་ ༡།༣༠ ཐོག་མགོན་པོ་གང་ཉིད་མཆོག་ཚོགས་མགོན་དུ་༸ཞབས་སོར་འཁོད་ཡོད།
ལྷན་ཚོག་གཙོ་སྐྱོང་བ་ཁོང་གིས་༸གོང་ས་མཆོག་ལ་སློབ་ཕྲུག་རྣམས་ཀྱི་དྲི་བ་འབུལ་ལམ་ཞུ་ཕྱོགས་ཐད་སྙན་སྒྲོན་ཞུས་གྲུབ་བསྟུན་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་ཕེབས་དོན། དེ་རིང་ངོས་རང་འདི་ག་ཉི་ཧོང་གི་གཞོན་སྐྱེས་ཚོ་དང་ཐུག་འཕྲད་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ངོས་རང་ད་ལྟ་རང་ལོ་བདུན་ཅུ་དོན་ལྔའི་ནང་ཡོད་པས་དུས་རབས་ཉི་ཤུའི་ནང་གི་མི་ཞིག་ཆགས་ཡོད། དུས་རབས་ཉི་ཤུ་པ་དེ་ཕྱིན་ཚར་བ་རེད། དུས་རབས་ཉི་ཤུ་པ་དེ་ནི་མི་གསོད་ཁྲག་སྦྱོར་དང་དྲག་རྩབ་ཀྱི་དུས་རབས་ཤིག་ཆགས་ཡོད། ལོ་རྒྱུས་སྨྲ་བ་འགའ་རེས་བརྗོད་པར་གཞིགས་ན་དུས་རབས་ཉི་ཤུ་པ་དེའི་ནང་མི་གྲངས་ས་ཡ་ ༢༠༠ བརྒལ་བ་དམར་གསོད་བཏང་འདུག དུས་རབས་ཉི་ཤུ་པའི་མཇུག་ཙམ་ལ་དྲག་སྤྱོད་དང་འཚེ་བའི་ལས་ལ་མི་དགའ་བའི་རྣམ་པ་དེ་ཤུགས་ཆེ་རུ་ཕྱིན་ཏེ་རིམ་པས་ཞི་བདེ་དོན་གཉེར་གྱི་འདུན་པ་དེ་འཛམ་གླིང་མི་མང་གི་བསམ་བློའི་ནང་ཤུགས་ཆེ་རུ་ཕྱིན་ཡོད། དུས་རབས་ ༢༡ པའི་འགོ་སྟོད་ལ་ཞི་བདེ་དོན་གཉེར་གྱི་བསམ་པ་དེ་དངོས་གསལ་དོད་པོའི་ཤུགས་ཆེ་རུ་ཕྱིན་ཡོད། དེ་ཡང་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཉི་ཧོང་མི་མང་རྣམས་ཀྱིས་དཀའ་སྡུག་མང་པོ་མྱངས་ཏེ་ཉམས་མྱོང་བསགས་ཡོད།
ཁྱེད་རང་ཚོས་དམག་ཆེན་གཉིས་པའི་སྐབས་ཧི་རོ་ཤི་མ་དང་ན་ག་ས་ཀི་བཅས་ས་གནས་གཉིས་ཀྱི་ནང་རྡུལ་ཕྲན་མཚོན་ཆའི་གནོད་འཚེ་དེ་དངོས་སུ་མྱངས་ཡོད། དེར་བརྟེན་ཉི་ཧོང་རྒྱལ་ཁབ་འདི་བཞིན་དམག་དང་ལྷག་པར་རྡུལ་ཕྲན་མཚོན་ཆར་ངོ་རྒོལ་བྱས་པའི་སྒོ་ནས་འཛམ་གླིང་ནང་ཞི་བདེའི་ལས་འགུལ་སྤེལ་རྒྱུའི་ཐོག་སྣེ་ཁྲིད་མཁན་ཞིག་ཆགས་ཡོད། ད་ལྟ་ཁྱེད་རྣམས་རང་ལོ་ ༢༠ ནས་ ༣༠ དང་དེའི་འོག་གི་མི་རྣམས་དུས་རབས་ཉེར་གཅིག་པ་འདིའི་མི་ཆགས་ཡོད། དུས་རབས་ ༢༡ ནང་ནས་ལོ་ ༡༠ ཕྱིན་ཚར་བ་དང་། ལོ་ ༩༠ ཙམ་ད་དུང་ལྷག་ཡོད། དུས་རབས་འདི་གང་འདྲ་ཞིག་ཆགས་མིན་དུས་རབས་འདིའི་མི་རབས་ཁྱེད་རྣམས་ལ་རག་ལུས་ཡོད། དེར་བརྟེན་ངོས་རང་ཁྱེད་རང་ཚོ་དང་དངོས་སུ་ཐུག་སྟེ་བསམ་ཚུལ་བརྗེ་ལེན་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། འཛམ་གླིང་ས་ཕྱོགས་འདྲ་མིན་ནང་མི་མང་པོ་ཞིག་གིས་འཚེ་བ་དེ་མིའི་རང་བཞིན་ལྷན་སྐྱེས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། དེར་བརྟེན་འཛམ་གླིང་འཇིག་འགྲོ་བའི་དུས་ཚོད་ངེས་གཏན་ཞིག་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད། བསམ་ཚུལ་དེ་ནོར་བ་རེད། འཚེ་བའི་ལས་དེ་འདྲ་ཕྲན་བུ་ཡོང་གི་ཡོད། འོན་ཀྱང་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་གཞིགས་ན་འཛམ་གླིང་འདིའི་ནང་མི་ཐེར་འབུམ་དྲུག་ཙམ་ཡོད་པ་རྣམས་ཀྱིས་དུས་རབས་ ༢༠ ནང་དཀའ་སྡུག་མང་པོ་མྱངས་པར་བརྟེན་ད་ཆ་མིའི་རྒན་ཚད་ལོངས་བ་ཞིག་ཆགས་ཡོད། དཔེར་ན། དུས་རབས་ ༢༠ ནང་དམག་ལ་ལྟ་སྟངས་དང་། དུས་རབས་ ༢༡ པའི་ནང་དམག་ལ་ལྟ་སྟངས་ཀྱི་བསམ་བློའི་ལྟ་ཕྱོགས་ལ་ཁྱད་པར་ཧ་ཅང་ཆེན་པོ་ཆགས་ཡོད། དེ་བཞིན་ཁོར་ཡུག་གི་གནས་སྟངས་ཐོག་དུས་རབས་ ༢༠ ནང་བསམ་བློ་གཏོང་མཁན་ཕྲན་བུ་ཡོད་ཀྱང་མི་མང་ཆེ་བར་ང་ཚོར་གོ་ལ་འདི་བདག་གཅེས་བྱེད་དགོས་པའི་ལས་འགན་ཞིག་ཡོད་བསམ་པའི་ཁོར་ཡུག་ཐོག་སེམས་ཁྲལ་དེ་ཙམ་བྱེད་ཀྱི་མེད། དུས་རབས་ ༢༠ པའི་ནང་མི་ཚོས་རང་བྱུང་གཏེར་ཁ་རྣམས་ལོངས་སུ་སྤྱོད་རྐྱང་བྱས་པ་ལས་འཛམ་གླིང་གཏེར་དངོས་དེ་དག་བག་མེད་ལོངས་སྤྱོད་བྱས་པའི་གྲུབ་འབྲས་ཇི་བྱུང་ཤེས་རྟོགས་མེད། དེ་བཞིན་ནང་གི་བསམ་བློའི་རྣམ་གཞག་ཐོག་ལ་ཡིན་ནའང་དུས་རབས་ ༢༠ པའི་འགོ་སྟོད་ཙམ་ལ་མི་ཚོས་ཕྱི་དངོས་པོའི་དགོས་མཁོ་དང་དངོས་པོའི་རིན་ཐང་ཁོ་ནའི་ཐོག་སྐད་ཆ་བཤད་ཡོད། དུས་རབས་ ༢༠ པའི་མཇུག་ཙམ་ལ་ཕྱི་དངོས་པའི་རིན་ཐང་དེར་ཚད་གཞི་ངེས་ཅན་ཞིག་ཡོད་པ་དང་ནང་སེམས་ཀྱི་ཞི་བདེ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་ཤེས་རྟོགས་བྱུང་སྟེ་ནང་སེམས་ཀྱི་ཞི་བདེ་དེར་རིམ་པའི་དོ་སྣང་བྱེད་འགོ་བརྩམས་ཡོད།
ཆོས་ལ་ཡིད་ཆེས་ཡོད་མེད་ལ་མ་ལྟོས་པར་མི་མང་པོ་ཞིག་གིས་ནང་བསམ་བློའི་རིན་ཐང་ཐོག་བསམ་བློ་གཏོང་རྒྱུ་དང་སྐད་ཆ་ཤོ་རྒྱུ་དེ་ཇེ་མང་དུ་འགྲོ་བཞིན་ཡོད། ལྷག་པར་བཟང་སྤྱོད་དང་འབྲེལ་བའི་དཀའ་ངལ་མང་པོ་ཞིག་འཕྲད་སྟབས་བཟང་སྤྱོད་ཀྱི་རྣམ་གཞག་ཐོག་དོ་སྣང་བྱེད་ཀྱི་ཡོད། དེ་བཞིན་དུས་རབས་ ༢༠ པའི་འགོ་སྟོད་ཙམ་ལ་སྤྱི་ཚོགས་ཀྱི་དཀའ་ངལ་དེ་དག་མི་སྒེར་གྱི་རང་དབང་བློས་བཏང་གིས་དབུས་འཛིན་སྐྱོང་གི་དབང་ཆ་ཚང་ཡོད་པའི་གཅིག་སྡུད་དབང་འཛིན་རིང་ལུགས་ཀྱི་ཐོག་ནས་ཡོང་རྒྱུར་འབད་བརྩོན་གང་ཡོད་བྱས་ཡོད། དཔེར་ན། ཕྱི་ལོ་ ༡༩༡༧ ནང་ཨུ་རུ་སུའི་བྷོལ་ཤེ་ཝིཀ་གསར་བརྗེ་བྱུང་ཡོད། འོན་ཀྱང་ལམ་ལྷོང་བྱུང་མེད། མི་སྒེར་གྱི་རྣམ་དཔྱོད་ཀྱི་རྩལ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། མིའི་རྣམ་དཔྱོད་ཀྱི་རྩལ་དེ་གོང་འཕེལ་ཡོང་བར་མི་སྒེར་ལ་རང་དབང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གནས་ཚུལ་དེ་དག་དུས་རབས་ ༢༠ པའི་ནང་བྱུང་བའི་འགྱུར་བ་ཆེན་པོ་ཞིག་ཆགས་ཡོད། མི་རྣམས་ཉམས་མྱོང་དང་རྒྱུ་མཚན་ལ་གཞི་བཅོལ་མཁན་ཞིག་ཡིན་རྐྱེན་ཁྱོན་ཡོངས་ཀྱི་གནས་སྟངས་དེ་ཇེ་བཟང་དུ་འགྲོ་བཞིན་ཡོད། ཕྱི་ལོ་ ༡༩༩༦ ལོར་ངོས་རང་དབྱིན་ཇིའི་བཙུན་མོའི་ཡུམ་དམ་པ་དེ་མཇལ་འཕྲད་བྱུང་། སྐབས་དེར་ཁོ་མོ་རང་ཉིད་ཀྱང་དགུང་ལོ་ ༩༦ སོན་ཡོད། དེར་བརྟེན་ཁོང་གིས་དུས་རབས་ ༢༠ ཆ་ཚང་གཟིགས་ཡོད། ཁོ་མོས་དུས་རབས་ ༢༠ ཆ་ཚང་གཟིགས་ཡོད་སྟབས་ངོས་ཀྱིས་ད་ཆ་འཛམ་གླིང་དེ་བཟང་ཕྱོགས་སུ་འགྱུར་བ་འགྲོ་བཞིན་ཡོད་མེད་དང་། ཡང་ན་འགྱུར་བ་གང་ཡང་མེད་པར་དེ་མུར་གནས་ཡོད་བཞིན་ཡོད་མེད། ཡང་ན་འཛམ་གླིང་གི་གནས་སྟངས་དེ་ཇེ་ཞན་དུ་འགྲོ་གི་ཡོད་མེད་དྲིས་པར། ཁོ་མོས་ཐེ་ཚོམ་མེད་པར་ད་ཆ་བཟང་ཕྱོགས་སུ་འགྱུར་བ་འགྲོ་བཞིན་ཡོད་ཚུལ་བརྗོད་བྱུང་། འཛམ་གླིང་འདི་ད་ཆ་བཟང་ཕྱོགས་སུ་འགྱུར་བ་འགྲོ་བཞིན་ཡོད་པ་དེར་རྒྱུ་མཚན་གཉིས་གསུངས་བྱུང་། འགྲོ་བ་མིའི་ཐོབ་ཐང་གི་རྣམ་གཞག་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དེ་གཉིས་ཡིན་འདུག ཁོ་མོ་གཞོན་དུས་གནས་སྟངས་དེ་གཉིས་དེ་ཙམ་དར་ཁྱབ་དང་ཡོངས་གྲགས་ཤིག་མིན། ད་ཆ་འགྲོ་བ་མིའི་ཐོབ་ཐང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གི་གནས་སྟངས་དེ་ཡོངས་གྲགས་ཤིག་ཆགས་ཡོད། ངོས་རང་ལ་ཆ་གཞག་པ་ཡིན་ནའང་ཕྱི་ལོ་ ༡༩༣༥ ལོར་སྐྱེས་པ་རེད། སྐབས་དེར་དམག་ཆེན་གཉིས་པ་འགོ་འཛུགས་གྲབས་ཡོད། དམག་ཆེན་གཉིས་པའི་མཇུག་ལ་ཀོ་རི་ཡ་དང་ཝི་ཏི་ནམ་གྱི་དམག་སོགས་བྱུང་ཡོད། ངོས་ཀྱི་ཚེ་སྟོད་ཀྱི་ཆ་ཤས་མང་ཆེ་བར་དམག་གི་གནས་ཚུལ་དེ་འདྲ་ཡང་སེ་གོ་རྒྱུ་ཡོད། དམག་འཐབ་སོགས་འཚེ་བའི་ལས་གཞི་རྒྱ་ཆེན་པོ་དེ་དག་གིས་དཀའ་ངལ་སེལ་རྒྱུའི་ཚབ་ཏུ་དཀའ་ངལ་འཕར་མ་བསྐྲུན་ཡོད། དེ་རིང་སང་འཇིགས་སྐུལ་རིང་ལུགས་པའི་དཀའ་ངལ་དེ་ཡང་དུས་རབས་སྔོན་མའི་ནོར་འཁྲུལ་ལས་བྱུང་བ་ཞིག་ཡིན། དེར་བརྟེན་ངོས་ཀྱི་བསམ་པར་འཚེ་བའི་ལས་ཀྱིས་དཀའ་ངལ་སེལ་རྒྱུའི་ཚབ་ཏུ་དཀའ་ངལ་འཕར་མ་བཟོ་རྒྱུའི་སོན་བཏབ་པ་ལྟ་བུ་ཞིག་ཡོང་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། ད་ཆ་དུས་རབས་ ༢༡ པའི་འགོ་སྟོད་ཙམ་ལ་སྟབས་མ་ལེགས་པ་ཞིག་ལ་ཨི་རག་གི་དམག་ཀྱང་གཅིག་མཚུངས་ཤིག་ཆགས་ཡོད། སྲིད་འཛིན་བྷུ་ཤིའི་བསམ་བློ་དེ་ཡག་པོ་ཞིག་ཁྱེར་ཡོད། ཨི་རག་ནང་མང་གཙོ་ཡོང་བ་ཞིག་ཡིན། འོན་ཀྱང་ཐབས་ལམ་དེ་འཚེ་བ་ལ་བརྟེན་ཡོད་སྟབས་གྲུབ་འབྲས་ཚོད་དཔག་དཀའ་བ་ཞིག་བྱུང་ཡོད། ཨི་རག་གི་དམག་དེ་མ་བྱུང་ཙམ་གྱི་སྔོན་ཨོ་སི་ཊོ་ལི་ཡ་ནས་ཨ་རི་བར་མི་གྲངས་ས་ཡ་མང་པོས་དམག་དེར་ངོ་རྒོལ་བྱས་ཡོད། དེ་འདྲ་ཞིག་བྱུང་བ་དེས་ངོས་ཀྱི་བསམ་པར་འགྲོ་བ་མི་རྣམས་ལ་སྔར་ལས་ཉམས་མྱོང་མང་བ་ཞིག་བསགས་ཡོད་པ་དང་། རྒྱུ་མཚན་ལྡན་པའི་དངོས་ཡོད་གནས་སྟངས་ཐོག་བསམ་བློ་གཏོང་རྒྱུའི་ནུས་པ་དེ་ཆེ་རུ་ཕྱིན་ཡོད་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ལོ་ངོ་སྟོང་ཕྲག་འགའ་ཤས་རྗེས་གནས་སྟངས་ཇི་འདྲ་ཆགས་མིན་སུ་གཅིག་གིས་ཚོད་དཔག་མི་ཐུབ། འོན་ཀྱང་དུས་རབས་ ༢༡ དང་ ༢༢ དང་ ༢༣ སོགས་ཀྱི་ནང་དེ་སྔ་ལས་ཞི་བདེ་དང་བྱམས་བརྩེ། དེ་བཞིན་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་སྲིད་པའི་གནས་སྟངས་ཤིག་ཡོད། དེ་འདྲ་ཞིག་ཡོང་མིན་ནི་ང་ཚོའི་རྩོལ་བ་དང་འཆར་སྣང་གསལ་པོ་ཡོད་མིན་ལ་རག་ལུས་ཡོད། དུས་རབས་ ༢༠ པའི་དཀྱིལ་ཙམ་ལ་རྒྱལ་ཁབ་ཕན་ཚུན་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུའི་འགྲན་བསྡུར་བྱས་ཡོད། དུས་རབས་ ༢༠ པའི་མཇུག་ཙམ་ལ་ཨ་རི་དང་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་རྣམས་ཁ་ཞེ་གཉིས་མེད་ཀྱིས་རྡུལ་ཕྲན་གོ་མཚོན་དེ་དག་རྩ་མེད་བཟོ་རྒྱུའི་ཐོག་བསམ་བློ་གཏོང་བཞིན་ཡོད། གནས་ཚུལ་དེ་རིགས་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བཞིན་ཡོད་པའི་མངོན་རྟགས་གསལ་པོ་ཞིག་རེད། ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འཛམ་གླིང་ཐོག་འགན་ཞིག་ཡོད་བསམ་པ་དྲན་གྱི་ཡོད། ངོས་རང་བོད་མི་ཞིག་ལ་སྐྱེས་ཏེ་འཛམ་གླིང་གི་མི་འབོར་ཐེར་འབུམ་དྲུག་ལ་བསམ་བློ་གཏོང་དགོས་པ་ཆགས་ཡོད། དེ་བཞིན་ཁྱེད་རང་ཚོ་ཉི་ཧོང་མི་མང་ཚོས་ཀྱང་རང་གི་རྒྱལ་ཁབ་གཅིག་པུའི་བདེ་ཐབས་ལ་བསམ་བློ་གཏོང་རྒྱུ་དང་སྐད་ཆ་ཤོད་རྒྱུའི་དུས་ཚོད་དེ་ཡོལ་ཚར་བ་རེད། ད་ཆ་འཛམ་གླིང་སྤྱིའི་བདེ་ཐབས་ལ་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད། སྔ་མོ་དུས་རབས་ ༡༨ དང་ ༡༩ ནང་རྒྱལ་ཁབ་སོ་སོ་རང་འཚོ་ཐུབ་ཀྱི་ཡོད། གནས་སྟངས་དེ་ད་ཆ་ཡོངས་རྫོགས་གྱུར་ཟིན། ཞེས་སོགས་ཀྱི་བཀའ་སློབ་ཕེབས་ཡོད། ཡང་༸གོང་ས་མཆོག་གིས་འགྲོ་བ་མིའི་རིན་ཐང་དང་བཟང་སྤྱོད་གོང་མཐོར་གཏོང་གནང་མཛད་རྒྱུ་དང་། ཆོས་ལུགས་འདྲ་མིན་མང་དག་ཡོད་པ་རྣམས་ཕན་ཚུན་འཆམ་མཐུན་གནས་ཐབས་མཛད་ཀྱི་ཡོད་སྐོར་སོགས་ཀྱི་བཀའ་སློབ་ཟབ་རྒྱས་ཕེབས་རྗེས་སློབ་ཕྲུག་གི་དྲི་བ་ཁག་མི་འདྲ་བ་བཅོ་ལྔ་བརྒལ་བར་བཀའ་ལན་རེ་རེ་བཞིན་སྩལ་ཡོད། དེ་ཡང་ཉི་ཧོང་བ་རྣམས་ཀྱི་བླང་བྱ་དང་དོར་བྱ། རྟེན་འབྱུང་། འབྱོར་མེད་དང་འབྱོར་ལྡན་སྐོར། སྙིང་རྗེ་དང་དྲང་བདེན། ༸གོང་ས་མཆོག་གི་སྐུའི་ཡང་སྲིད་སྐོར། སེམས་གང་དུ་ཡོད་སྐོར་སོགས་ཀྱི་དྲི་བ་རྣམས་ལ་རེ་རེ་བཞིན་བཀའ་ལན་མཛད་ཡོད་པས་དེར་བཅར་བའི་ཆེས་མཐོའི་སློབ་ཕྲུག་རྣམས་དད་སེམས་དང་དགའ་སྤྲོའི་རྣམ་པས་ཡོངས་སུ་ཁེངས་པར་གྱུར་ཡོད། གཞན་ཡང་ཉི་ཧོང་དུ་ཡོད་པའི་ཤེས་བྱ་རྩོམ་སྒྲིག་པས་དེར་བཅར་བའི་སློབ་མ་གཉིས་ལ་བཅར་དྲི་ཞུ་སྐབས་སློབ་ཕྲུག་གཅིག་གིས་གསུང་དོན། ང་རང་ནང་ཆོས་ལ་དད་པ་ཡོད་ཀྱང་དེ་ཙམ་ཀྱི་ཤེས་རྟོགས་མེད། ད་རེས་འདིར་བཅར་ཏེ་༸གོང་ས་མཆོག་གི་བཀའ་སློབ་ཞུས་རྗེས་ང་རང་ལ་ནང་ཆོས་ཐད་གོ་རྟོགས་ཡག་པོ་བྱུང་ལ་རྗེས་སུ་དོ་སྣང་བྱེད་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཞེས་དང་། ཡང་སློབ་ཕྲུག་གཞན་དེས། ༸གོང་ས་མཆོག་གིས་མ་འོངས་དེ་རང་ཉིད་ལ་རག་ལུས་ཡོད་སྟབས་རང་ཉིད་ཀྱིས་འདེམས་ཁ་བྱེད་དགོས་སྐོར་བཀའ་གནང་སོང་བས་ང་རང་ཧ་ཅང་གི་བློ་ཡིད་འཕྲོག་པོ་བྱུང་ཞེས་སོགས་གསུངས་ཡོད་པ་བཅས།།