༢༠༡༦ ཟླ་ ༩ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་རྣམ་རྒྱལ་ཚེ་དབང་ལགས་ཀྱིས་སྦར་སེལ་ནས་བཏང་འབྱོར་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུ་དེ་བཞིན་ཕྱི་ལོོ་ ༢༠༡༦ ཟླ་ ༩ ཚེས་ ༡༠ ཉིན་རྒྱབ་ནས་ཕྱི་ཚེས་ ༡༡ བར་སྦེལ་ཇམ་གྱི་རྒྱལ་ས་སྦར་སེལ་དུ་ཚོགས་ཡོད། དེ་ཡང་ཚོགས་འདུར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། དེ་བཞིན་སྐུ་ཚབ་དོན་གཅོད་རྣམ་པ་ཕེབས་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་འབྲེལ་བའི་གནད་དོན་ཁག་གི་ཐོག་དང་། དེ་བཞིན་སྐུ་ཚབ་དོན་གཅོད་ཁག་གི་ལས་དོན་གནང་ཕྱོགས་སྐོར་ལམ་སྟོན་གསུང་བཤད་གནང་ཡོད།
ཚོགས་འདུའི་གྲོས་གཞི་གཙོ་བོ་ནི་སྔ་ལོའི་ཚོགས་འདུའི་སྐབས་བཀའ་མོལ་བྱུང་བའི་གནད་དོན་ཁག་ལ་བསྐྱར་ཞིབ་དང་། དོན་གཅོད་ཁག་གི་འཆར་གཞི་ལག་བསྟར་གནང་ཕྱོགས། འཛིན་སྐྱོང་ལས་དོན་སོགས་ཡིན་འདུག ཐེངས་འདིར་དོན་གཅོད་རྣམ་པ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པར་བཅར་ཞོར་དང་བསྟུན་ནས་ལོ་འཁོར་ཚོགས་འདུ་སྦར་སེལ་ནང་ཚོགས་པ་ཞིག་ཡིན་པ་བཅས།།