ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡ ནས་ ༧ བར་ཉིན་གྲངས་བདུན་རིང་བསུ་ན་མདའ་མཉམ་འབྲེལ་ཚོགས་ཁང་དུ་གོ་སྒྲིག་ཞུས་པའི་བྱང་ཤར་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་བཅུ་གསུམ་གྱི་རིགས་ལམ་འདུ་འཛོམས་དེ་བཞིན་ཕྱི་ཟླ་ ༩ ཚེས་ ༧ རེས་གཟའ་ལྷག་པའི་ཉིན་མཇུག་བསྒྲིལ་ཡོད་ཅིང༌། མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཀ་སྦུག་ས་གནས་འགོ་འཛིན་པ་སངས་ཆོས་འབྱོར་ལགས་དབུས་པའི་ས་གནས་ཉིན་སློབ་ཀྱི་སློབ་སྤྱི་དང༌། བསུ་ན་མདའ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་འབྲེལ་མཐུད་པ། ས་གནས་མཉམ་འབྲེལ་ཚོགས་གཙོ་སོགས་སྐུ་མགྲོན་དུ་གདན་ཞུས་ཀྱིས་ཐོག་མར་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་རིགས་ལམ་འདུ་འཛོམས་ཀྱི་དམིགས་ཡུལ་དང་སྦྲགས་ཉིན་གྲངས་བདུན་རིང་གི་ལས་བསྡོམས་སྙན་སྒྲོན་ཞུས་དོན་དུ། དེ་སྔ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རང་རེ་བོད་མི་ཚོས་རིགས་ལམ་བརྒྱུད་འཛམ་བུ་གླིང་ལ་སློབ་ཁྲིད་ཐབས་ལམ་སྒྲུན་ཟླ་བྲལ་བ་ཞིག་ལེགས་སྐྱེས་སུ་འབུལ་ཐུབ་རྒྱུའི་རེ་བ་ཡོད་སྐོར་བཀའ་སློབ་ཕེབས་པ་ལྟར། རིགས་ལམ་ནི་གནད་དོན་གང་ཞིག་རྟགས་དང་རྒྱུ་མཚན་སོགས་སྒྲུབ་བྱེད་དུ་མ་བཀོད་ནས་གནས་ལུགས་ཇི་ལྟ་བ་གཏན་ལ་འབེབས་པའི་ཐབས་ལམ་གལ་ཆེ་ཞིག་ཡིན་པ་རྩོད་པ་མེད་པས།
འདས་པའི་ལོ་ལྔའི་གོང་ནས་ཤེས་རིག་ལས་ཁུངས་ནས་རྒྱ་བལ་གཉིས་ཀྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཞེས་ལོ་རེར་ས་ཁུལ་ཁག་གཉིས་སུ་སློབ་ཕྲུག་བསྐོངས་ཚོགས་ཀྱིས། སློབ་གྲྭ་ཁག་གི་ལྟ་གྲུབ་དགེ་རྒན་གྱི་ལམ་སྟོན་འོག་སློབ་གྲྭ་ནང་ཁུལ་རིགས་ལམ་རྩོད་སྦྱོང་དང་ཉམས་མྱོང་བརྗེ་རེས་ཀྱི་གོ་སྐབས་འབུལ་བཞིན་པ་ལྟར། ཐེངས་འདིའི་བྱང་ཤར་ཁུལ་གྱི་རིགས་ལམ་འདུ་འཛོམས་སུ་དགེ་སློབ་གྲངས་ ༡༠༢ ནས་མཉམ་ཞུགས་གནང་ཡོད་པ་མ་ཟད། སྔ་དྲོ་ཆུ་ཚོད་ ༦ ནས་མཚན་གྱི་ཆུ་ཚོད་ ༩ བར་སློབ་ཕྲུག་ནང་ཁུལ་རྩོད་ཟླ་བསྒྲིག་རྒྱུ་དང༌། དགེ་རྒན་གྱིས་སློབ་ཕྲུག་རྣམས་ལ་རྟགས་གསལ་སློབ་ཁྲིད་སོགས་ཀྱི་ལས་རིམ་ཆེད་ཁྱོན་བསྡོམས་ཉིན་རེར་ཆུ་ཚོད་དགུ་དང་ཕྱེད་ཀའི་གོ་སྐབས་ཐོབ་ཡོད་པ་དང༌། ཕྱི་ཚེས་ ༤ རེས་གཟའ་ཉི་མའི་ཉིན་མི་རཱིག་འབོ་དཀར་རིན་པོ་ཆེའི་དགོན་པར་མཆོད་མཇལ་དང་སྦྲགས། འབོ་དཀར་རིན་པོ་ཆེ་སྐུ་གོང་མའི་ཆུང་སྲིད་ཀརྨ་དཔལ་ལྡན་བློ་གྲོས་ཆོས་ཀྱི་རྒྱལ་མཚན་མཆོག་གི་སྐུ་མདུན་དུ་སློབ་ཕྲུག་རྣམས་ནས་རྟགས་གསལ་སྤྱན་འབུལ་ཞུ་རྒྱུའི་བསྐལ་བཟང་བྱུང་ཡོད་པ་དང༌། དེ་སྔ་རིགས་ལམ་འདུ་འཛོམས་ཁག་གི་ཉམས་མྱོང་ལས་རིགས་ལམ་འདུ་འཛོམས་སོ་སོར་སློབ་གྲྭ་གང་ཞིག་རིགས་ལམ་རྩེ་ཕུད་སོན་པ་ལ་དམིགས་བསལ་གཟེངས་བསྟོད་ཕྱག་འཁྱེར་དང་སྟོང་མིན་བྱ་དགའ་འབུལ་རྒྱུའི་ལམ་སྲོལ་ཞིག་གཏོད་ན། དགེ་རྒན་དང་སློབ་ཕྲུག་གཉིས་ལ་དམིགས་བསལ་སེམས་འགུལ་ཐེབས་ངེས་སོགས་ཀྱི་དགོངས་འཆར་བྱུང་བ་བཞིན། ཕྱི་ཚེས་ ༥ རེས་གཟའ་ཟླ་བ་ཉིན་ཕྱི་ལོགས་ནས་གཟུ་དཔང་དགེ་བཤེས་མཚན་གནས་ཡོད་པ་གཉིས་གདན་ཞུས་ཀྱིས་འཛིན་གྲྭ་ནང་ཁུལ་རིགས་ལམ་རྩོད་རྒྱུགས་བཏང་ནས་ཕྱོགས་བསྡོམས་བརྒྱ་ཆ་མཐོ་ཤོས་དེ་བསུ་ན་མདའ་ཉིན་སློབ་ལ་ཐོབ་སྟེ། བསུ་ན་མདའ་ཉིན་སློབ་ཀྱི་སློབ་གྲྭར་དམིགས་བསལ་གཟེངས་བསྟོད་ཕྱག་འཁྱེར་དང་བྱ་དགའ་སྒོར་ ༥༠༠༠ ཐམ་པ་ཕུལ་བ་མ་ཟད། ལོ་རྗེས་མའི་རིགས་ལམ་འདུ་འཛོམས་ནང་མཉམ་ཞུགས་གནང་རྒྱུའི་གོ་སྐབས་འབུལ་རྒྱུ། རིགས་ལམ་རྩོད་རྒྱུགས་ཀྱི་བརྒྱ་ཆ་མཐོ་ཤོས་གཉིས་པ་རྡོར་གླིང་གཏན་སློབ་ལ་ཐོབ་ཡོད་པ་སོགས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས།
དེ་ནས་སྐུ་མགྲོན་གཙོ་བོ་ཀ་སྦུག་ས་གནས་འགོ་འཛིན་པ་སངས་ཆོས་འབྱོར་ལགས་ཀྱིས་མཇུག་བསྡོམས་གསུང་བཤད་དུ། ཤེས་རིག་ལས་ཁུངས་ནས་འགྲོ་གྲོན་མཐུན་སྦྱོར་གནང་བ་བཞིན་སློབ་གྲྭ་སོ་སོའི་ལྟ་གྲུབ་དགེ་རྒན་དང་སློབ་ཕྲུག་རྣམས་ཀྱི་ཐུགས་ཁུར་ལ་བརྟེན་ནས་ད་ལྟའི་རིགས་ལམ་འདུ་འཛོམས་ལམ་ལྷོང་བྱུང་བ་ནི་༧གོང་ས་མཆོག་གི་བཀའ་དགོངས་བསྒྲུབས་པའི་ཆ་ཤས་སུ་གྱུར་པར་སོང་བསྔགས་བརྗོད་ཞུ་རྒྱུ་ཡིན། ང་ཚོ་བོད་ལྗོངས་ཆོས་ལྡན་གྱི་ཞིང་ཁམས་འདི་ཉིད་སྟོབས་འབྱོར་ལྡན་པའི་དམར་པོའི་དྲག་ཤུགས་ཀྱི་བཙན་འོག་ཏུ་ཚུད་རྗེས། བོད་མི་ཁྲི་ཚོ་བརྒལ་བ་༧གོང་ས་མཆོག་གི་ཞབས་རྡུལ་གྱི་རྗེས་སུ་སྙེག་བཞིན་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་འབྱོར་མ་ཐག་གང་ཅིའི་དཀའ་ངལ་ཇི་ཆེ་ཡང༌། ཐོག་མར་བོད་པའི་ཕྲུ་གུ་ཚོར་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེར་གཟིགས་ཏེ་སློབ་གྲྭ་གསར་འཛུགས་ཐོག་ལ་དགོངས་པ་ཆེ་བཞེས་གནང་བ་བཞིན། བོད་པའི་ཕྲུ་གུ་ཚོས་ཀྱང་སྐབས་དེ་དུས་གང་ཅིའི་མཐུན་རྐྱེན་ཞན་པོ་ཡོད་རུང་ཚང་མའི་སེམས་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྒྲུབ་ཀྱིན་བསམས་ཏེ་སློབ་སྦྱོང་ལ་ཧུར་བརྩོན་གནང་ཡོད། ད་ལྟའི་བོད་མིའི་སྒྲིག་འཛུགས་སོགས་བོད་པའི་སྤྱི་ཚོགས་དང་སློབ་གྲྭ་ཁག་གི་མཛད་གཙོ་རྣམ་པ་དང་དགེ་རྒན་རྣམས་ཀྱང་སེམས་ཤུགས་དེ་ལྟར་བཅངས་ཏེ་སློབ་སྦྱོང་ཐོན་པ་ཞིག་ཡིན་པར་སོང༌།
རིམ་པས་མི་རབས་གོང་མ་རྣམས་འཕོ་འགྱུར་འགྲོ་བ་བཞིན་གཞོན་པ་ཚོས་དེའི་བརྒྱུད་འཛིན་བྱེད་ཐུབ་པ་ཞིག་གནང་དགོས་སྐོར་དང་། བོད་ནང་ཛ་དྲག་གི་གནས་སྟངས་འོག་བོད་པ་ཤེས་ཡོན་ཅན་དང་སེམས་ཤུགས་ཅན་མང་པོ་ཞིག་སྡུག་སྦྱོང་མནར་གཅོད་ཀྱིས་འདས་གྲོངས་སུ་ཕྱིན་པའམ། རིག་འཚོ་མ་ཟིན་པ། བསྟན་སྲིད་དོན་དུ་རང་སྲོག་མེ་མཆོད་དུ་འབུལ་བཞིན་པར་སོང༌། ང་ཚོ་རང་དབང་ལུང་པར་ཡོད་པའི་སློབ་ཕྲུག་རྣམས་ནས་ངེས་པར་དུ་སེམས་ཤུགས་བསྐྱེད་དགོས་ཀྱི་རེད། དེ་རིང་འདིར་བལ་ཡུལ་དང་བྱང་ཤར་ཁུལ་གྱི་སློབ་ཁག་ལྷན་འཛོམས་བྱུང་ཡོད་པར་སོང་ངེས་པར་དུ་སོ་སོའི་སྐད་ཡིག་ཐོག་ལ་དགོངས་པ་ཆེ་བཞེེས་གནང་དགོས་ཀྱི་འདུག ༧གོང་ས་མཆོག་གིས་ཀྱང་སྐད་ཡིག་གལ་ཆེ་ཡིན་པའི་སྐོར་དེ་སྔ་ཕྱི་ལོ་དྲུག་ཅུ་རེ་གྲངས་ཙམ་ནས་གསུངས་ཡོད་པ་ལྟར། སྤྱིར་སྐད་རིགས་ཚང་མ་གལ་ཆེན་པོ་ཡིན་མོད། འོན་ཀྱང་སོ་སོའི་སྐད་ཡིག་ནམ་ཡང་བརྗེད་མི་རུང་བ་མ་ཟད་སྐད་ཡིག་བཀོལ་སྤྱོད་སྐབས་སྐད་རིགས་གཞན་ལ་ལྟོས་མི་དགོས་པར་རང་རྐྱ་འཕེར་བ་ཞིག་དགོས། ༧གོང་ས་མཆོག་གིས་དུས་རབས་ཉེར་གཅིག་པ་འདིར་ཡ་རབས་བཟང་སྤྱོད་ཀྱི་ཤེས་ཡོན་སྤྲད་པ་ཡིན་ན་འཛམ་བུ་གླིང་འདི་རྒྱུན་གནས་ཐུབ་ཀྱི་རེད་གསུངས་པར་ང་ཚོ་ཚང་མས་དགོངས་པ་བཞེས་དགོས་ཀྱི་རེད། གཞན་ཡང་སློབ་ཕྲུག་ཚོས་ཤེས་བྱ་ཡོན་ཏན་གྱི་ལྷན་དུ་བོད་པའི་རིག་གཞུང་གི་ཆ་ཤས་སུ་གྱུར་པའི་ཟློས་གར་དང༌། རྩེད་རིགས་ལའང་འཛུལ་ཞུགས་བྱ་རྒྱུ་གལ་ཆེ་ཡིན་པ་སོགས་ཀྱི་གསུང་བཤད་ཟབ་ཅིང་རྒྱས་པ་གནང༌།
བསུ་ན་མདའ་མཉམ་འབྲེལ་ཚོགས་པས་དེ་སྔ་ཤེས་རིག་ལས་ཁུངས་ཀྱི་རིགས་ལམ་འདུ་འཛོམས་དང་ཟབ་སྦྱོང་ཁག་ལ་མཐུན་འགྱུར་གང་ལེགས་གནང་ཡོད་པ་མ་ཟད། འདི་ལོར་ཡང་ཞལ་ལག་དང་བཞུགས་གནས་སོགས་གང་ཅིའི་ཐད་གཞུང་སེམས་རྣམ་པར་དག་པའི་ཐོག་ནས་མཐུན་འགྱུར་ཕུན་སུམ་ཚོགས་པ་གནང་བ་ལ་བརྟེན་ནས། སློབ་ཕྲུག་རྣམས་ཡིད་སེམས་མགུ་བའི་ངང་རིགས་ལམ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་ལྷན་དུ་བསུ་ན་མདའ་མཉམ་འབྲེལ་གྱི་མཐུན་འགྱུར་དག་ཡིད་ལ་དྲན་འོས་པ་ཞིག་ཏུ་གྱུར།
མཐར་ཤེས་རིག་ལས་བྱེད་རྡོ་རྗེ་དབང་ཕྱུག་ལགས་ཀྱིས་སྐུ་མགྲོན་གཙོ་བོ་དབུས་པའི་སྐུ་མགྲོན་རྣམ་པ་དང༌། རིགས་ལམ་འདུ་འཛོམས་འདིར་མཐུན་འགྱུར་གནང་མཁན། ཕྱོགས་མཐའ་ནས་ཕེབས་པའི་དགེ་སློབ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཕར་ལམ་དགེ་སློབ་རྣམས་དཀའ་ཚེགས་སོགས་གང་གིས་ཀྱང་མ་རེག་པར་སློབ་ཁག་སོ་སོར་བདེ་བར་འབྱོར་ཐུབ་པའི་སྨོན་འདུན་དང་སྦྲགས་ཐེངས་འདིའི་བྱང་ཤར་ཁུལ་གྱི་རིགས་ལམ་འདུ་འཛོམས་ལེགས་པར་མཇུག་བསྒྲིལ།།