༢༠༡༦ ཟླ་ ༩ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༣ ནས་ ༡༡ བར་སྡེར་ལྡུན་དང་ཌོ་ལན་ཇི་བོན་གཞིས། མོན་གྷོ་བཅས་སུ་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་བླ་རྣམ་པར་འཚམས་ཞུའི་མཇལ་ཕྱག་དང་ས་གནས་དགོན་སྡེ་ཁག་གཅིག་ལ་གནས་གཟིགས་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུའི་མཛད་རིམ་ལྟར། དེ་རིང་སྔ་དྲོ་སྟེ་ཕྱི་ཚེས་ ༥ ཉིན་བཀའ་བློན་མཆོག་འཁོན་རིགས་བསྟན་པའི་སྲོག་ཤིང་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེར་མཇལ་ཕྱག་དང་བཅས་དེ་གའི་དགོན་སྡེ་ཁག་གཅིག་ཏུ་གནས་གཟིགས་གནང་ཡོད།
བཀའ་བློན་མཆོག་ཕྱི་ཚེས་ ༦ ཉིན་ཌོ་ལན་ཇི་བོན་གཞིས་སུ་ཞྭ་དཀར་བསྟན་པའི་མངའ་བདག་སྐྱབས་རྗེ་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྡུས་པ་ཞིག་འདེགས་འབུལ་ཞུ་རྒྱུ་དང་འབྲེལ་དེ་གའི་ས་གནས་དགོན་ཁག་ཏུ་གནས་གཟིགས་དང་། ཕྱི་ཚེས་ ༨ ནས་ ༩ བར་མོན་གྷོ་རུ་ཞྭ་སེར་བསྟན་པའི་སྲོལ་འབྱེད་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་རྣམ་གཉིས་ལ་འཚམས་ཞུའི་མཇལ་ཕྱག་དང་། དེ་བཞིན་དགོན་སྡེ་ཁག་ཏུ་གནས་གཟིགས་གནང་རྒྱུ་བཅས།།