༢༠༡༦ ཟླ་ ༩ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༥ རེས་གཟའ་ཟླ་བའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༤༠ ཙམ་ལ་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད།
ལྷན་ཚོགས་སྐབས་བོད་མི་མང་སྤྱི་འཐུས་བློ་བཟང་གྲགས་པ་ལགས་དང་། བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་དང་། ཐེ་ཝན་དུས་རབས་ཀྱི་སྟོབས་ཤུགས་ཚོགས་པའི་ New Power Party གྲོས་ཚོགས་འཐུས་མི་སྐུ་ཞབས་ཕི་ཊི་ལིམ་ Freddy Lim མཆོག ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཀོ་ལ་སི་ཡོ་ཊ་ཀ་ Kolas Yotaka མཆོག་སོགས་ལྷན་འཛོམས་ཐོག ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གསར་འགོད་ལྷན་ཚོགས་ངོ་སྤྲོད་གནང་།
སྐབས་དེར་ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་ DPP གྲོས་ཚོགས་འཐུས་མི་ལྕམ་སྐུ་ཀོ་ལ་སི་མཆོག་གིས་གསུང་དོན།
ངའི་མིང་ལ་ཀོ་ལ་སི་ཡིན། ང་རང་ཐེ་ཝན་གྱི་གདོད་མའི་མི་རིགས་ཀྱི་གྲོས་ཚོགས་འཐུས་མི་ ༡༡༣ ནང་ནས་གཅིག་ཡིན། ཐེ་ཝན་ནང་གདོད་མའི་མི་རིགས་ཁག་མི་འདྲ་བ་ ༡༦ ཡོད། གདོད་མའི་མི་རིགས་ཚོགས་ཁག་སོ་སོའི་ནང་བོད་མི་ལྟར་ནང་ཁུལ་སྐད་དང་ཆ་ལུགས། ཆོ་ག་མི་འདྲ་བ་ཡོད། དེར་བརྟེན་ང་ཚོ་ཐེ་ཝན་གདོད་མའི་མི་རིགས་ཚོར་བོད་མི་དང་ཧ་ཅང་སེམས་ཐག་ཉེ་པོ་ཡོད། ང་ཚོས་གྲོས་ཚོགས་ནང་ཐེ་ཝན་གནས་སྡོད་བོད་མི་རྣམས་ལ་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཐོག་བགྲོ་གླེང་བྱེད་བཞིན་ཡོད། དཔེར་ན། ད་ལྟའི་ཐེ་ཝན་གྱི་ཕྱོགས་མི་དོ་དམ་གྱི་ཁྲིམས་ལུགས་ལ་བསྐྱར་བཅོས་བྱེད་དགོས་པ་དང་། ད་ལྟའི་ཕྱོགས་མི་དོ་དམ་ཁྲིམས་ལུགས་ནང་གསལ་ལྟར་ན། ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༡༢ ཚེས་ ༣༡ ནང་ཚུད་ལ་ཐེ་ཝན་ནང་གནས་སྡོད་བྱེད་མཁན་བོད་མི་རྣམས་ལ་ཐེ་ཝན་གྱི་མི་སེར་བཟོ་ཆོག་པའི་ཐོབ་ཐང་སྤྲད་ཡོད་པ་དང་། ངས་དུས་ཚོད་དེ་ད་དུང་ཕར་འགྱངས་ནས་ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༣༡ ཚབ་ཏུ་ཕྱི་ལོ་ ༢༠༠༦ ཟླ་ ༦ ཚེས་ ༢༩ ཚུན་ཆད་ཐེ་ཝན་དུ་གནས་སྡོད་བྱེད་མཁན་བོད་མི་རྣམས་ལ་ཐེ་ཝན་མི་སེར་གྱི་ལག་ཁྱེར་བཟོ་ཆོག་པའི་ཐོབ་ཐང་ཐོབ་ཐབས་བྱེད་བཞིན་ཡོད་པ་མ་ཟད། ཐེ་ཝན་བོད་སོག་ལས་ཁུངས་ཟེར་བ་སྒོ་བརྒྱབ་དགོས་པའི་གྲོས་འཆར་འདོན་བཞིན་ཡོད། ལས་ཁུངས་དེ་ནི་མི་སེར་སྤེལ་བའི་ལམ་ལུགས་ཀྱི་མཚོན་རྟགས་ཤིག་ཡིན་པ་དང་། ལས་ཁུངས་དེ་འཛུགས་དགོས་པའི་དགོས་དམིགས་གཙོ་བོ་ལས་ཁུངས་དེ་བརྒྱུད་དེ་སྔའི་སྲིད་གཞུང་གི་དམིགས་ཡུལ་བསྒྲུབ་ཐབས་བྱེད་བཞིན་ཡོད། ད་ཆ་ང་ཚོས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་མ་འཛེམས་པར་རྡ་རམ་ས་ལ་དང་ཐད་སྐར་འབྲེལ་ལམ་ཐོག་ཐེ་བོད་མི་རིགས་གཉིས་དབར་དེ་སྔ་ལས་འབྲེལ་བ་དམ་ཟབ་ཡོང་ཐབས་བྱེད་བཞིན་ཡོད། ཅེས་གསུངས།།