༢༠༡༦ ཟླ་ ༩ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །འདི་གར་བྱང་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༣༡ ཉིན་སྐུ་ཚབ་དོན་གཅོད་ཁང་དུ་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་། ཁྲིམས་རྩོད་པ་གྲགས་ཅན་རྒྱ་རིགས་སྐུ་ཞབས་གྲན་ཀོང་ཁྲན་ Chen Guangcheng དང་། ཁོང་གི་སྐུ་ཟླ་ཝེ་ཅིང་གཉིས་དང་མཇལ་འཕྲད་སྐབས། སྐུ་ཚབ་དོན་གཅོད་ནས་༧གོང་ས་མཆོག་གིས་འཛམ་གླིང་ས་ཕྱོགས་གང་དུ་ཆིབས་སྒྱུར་བསྐྱངས་ཡང་། ཐུགས་བསྐྱེད་དམ་བཅའ་གསུམ་སྐོར་ལམ་སྟོན་མཛད་ནས་བཟང་སྤྱོད་མི་ཉམས་གོང་འཕེལ་ཡོང་སླད་ལེགས་སྐྱེས་ཇི་ཙམ་འབུལ་གནང་མཛད་ཡོད་སྐོར་དང་། དབུ་མའི་ལམ་གྱི་དོན་སྙིང་ངོ་སྤྲོད་གནང་བ་མ་ཟད། སྐབས་དེར་སྐུ་ཞབས་གྲན་ཀོང་ཁྲན་ལགས་ཀྱིས་སྐུ་ཚབ་དོན་གཅོད་གསར་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་སྦྲགས། ༧གོང་ས་མཆོག་གི་མཛད་འཕྲིན་ཁག་ལ་ཡི་རང་བསྔགས་བརྗོད་ཞུས་པ་མ་ཟད། ཁོང་རང་ཉིད་ནས་ཀྱང་བོད་དོན་ཐོག་མུ་མཐུད་བདེན་པའི་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པའི་སྐོར་གསུངས་ཡོད།
གཞན་ཡང་ཕྱི་ལོ་ ༢༠༡༦ ཟླ་བ་ ༩ ཚེས་ ༡ ཉིན་ནིའུ་ཡོག་དང་ནིའུ་འཇར་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནོར་བུ་ཚེ་རིང་ཆོས་རྫོང་ལགས་ཀྱིས་གཙོས་ཚོགས་པའི་རྒྱུན་ལས་ལྔ་ནིའུ་ཡོག་ནས་ཆེད་མངགས་སྐུ་ཚབ་དོན་ཁང་དུ་ཕེབས་ནས་སྐུ་ཚབ་དོན་གཅོད་ལ་ཕུན་ཚོགས་སྡེ་བཞི་གསར་བཅོས་འཛུགས་སྐྲུན་གྱི་ལས་གཞིའི་སྐོར་ད་ལྟའི་གནས་སྟངས་ཇི་ཡིན་ཞིབ་ཕྲ་འགྲེལ་བརྗོད་ཞུས་པ་དང་།
སྐུ་ཚབ་དོན་གཅོད་ནས་ཀྱང་སྐབས་དེར་མ་འོངས་ལས་འཆར་ཁག་དང་། སྤྱིར་སྒེར་ཚང་མས་ནུས་པ་མཉམ་སྤུངས་ཐོག་བོད་སྤྱི་པའི་རྩ་དོན་སོགས་ལ་ཤུགས་བརྒྱབ་དགོས་པའི་སྐོར་གསུངས་པ་མ་ཟད། སྤྱི་ཁང་གསར་བཅོས་ཆེད་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་སྤེལ་ཐད་གོ་བསྡུར་ལྷུག་པོ་གནང་ཡོད་པ་བཅས།།