༢༠༡༦ ཟླ་ ༩ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢ ཉིན་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དབུ་བརྙེས་ནས་མི་ལོ་ ༥༦ འཁོར་བའི་མཛད་སྒོའི་ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་མང་ཚོགས་བཅས་ཚང་འཛོམས་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་མུ་ཀུཊ་མི་ཐི་ Mr Mukuth Mithi མཆོག་དང་སྐུ་ཞབས་ཨ་རུན་ཀུ་མཱར་ Dr Arun Kumar མཆོག་རྣམ་གཉིས་ཀྱིས་གསུང་བཤད་གནང་ཡོད། དེ་ཡང་ཐོག་མར་སྐུ་ཞབས་ཨ་རུན་མཆོག་གིས།
ང་རང་དེ་སྔ་སྐུ་ཞབས་ཇོར་ཇི་ཕར་ནན་ཌེ་སི་ George Fernandes མཆོག་དང་ལྷན་རྡ་སར་ཐེངས་མང་བཅར་མྱོང་ཡོད་སྟབས། བོད་མིའི་གནས་སྟངས་སྐོར་ལ་རྒྱུས་མངའ་ཡོད། ང་ཚོའི་ལོ་མང་རིང་ནས་བོད་མིའི་འཐབ་རྩོད་ཤུགས་ཆེ་རུ་གཏོང་ཐབས་ཀྱི་ལས་འགུལ་སྤེལ་བཞིན་ཡོད། ཐེངས་འདིར་ང་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་ནས་རྒྱ་གར་གྲོས་ཚོགས་ནང་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་བཀའ་སློབ་སྩལ་རོགས་ཞེས་གསོལ་འདེབས་ཞུས་ཡོད། བོད་མིའི་ཆོས་དང་རིག་གཞུང་། མང་གཙོའི་རིང་ལུགས་ཀྱི་གྲུབ་འབྲས་བཅས་ལ་ངས་སྙིང་ཐག་པ་ནས་གུས་འདུད་ཞུ་རྒྱུ་ཡིན།
དེ་སྔ་རྒྱ་གར་འབུམ་རམས་པ་སྐུ་ཞབས་ལོ་ཧི་ཡ་ Dr. Manohar Lohia མཆོག་ནས་འདི་ལྟར་གསུངས་ཡོད། རྒྱ་གར་ལ་རང་བཙན་ཐོབ་ཡོད་ཀྱང་། རྒྱ་གར་གྱིས་ཧི་མཱ་ལ་ཡི་ཐོག་ཁེབས་ལ་གོད་ཆག་བྱུང་བ་དེར་སྲུང་སྐྱོབ་བྱེད་མ་ཐུབ་པ་རེད། ཅེས་གསུངས་ཡོད་པ་མ་ཟད། སྐུ་ཞབས་ཇོར་ཇི་ཕར་ནན་ཌི་སི་ George Fernandes མཆོག་ནས་ཀྱང་གནས་ཚུལ་དེའི་སྐོར་གླེང་སློང་ཐེངས་མང་གནང་མྱོང་ཡོད། རྒྱ་གར་བྱང་ཤར་ཁུལ་ཡིན་ནའང་འདྲ། བལ་ཡུལ་ཡིན་ནའང་འདྲ། དེ་བཞིན་བོད་དང་འབར་མའི་གནད་དོན་བཅས་གནད་དོན་དེ་དག་ཐམས་ཅད་འགྲོ་བ་མི་རིགས་སྤྱིའི་བདེ་དོན་དང་འབྲེལ་བ་ཆགས་ཡོད། ས་གནས་དེ་དག་ལ་ཁྱབ་པའི་རིག་གཞུང་དེ་དག་འགྲོ་བ་མི་རིགས་སྤྱིའི་རྩ་ཆེའི་རིག་གནས་ཤིག་ཆགས་ཡོད། བོད་པའི་ཆོས་དང་རིག་གཞུང་ལ་ང་ཚོས་སྲུང་སྐྱོབ་བྱེད་མ་ཐུབ་ཚེ་རྒྱ་གར་གྱི་རིག་གཞུང་ལའང་ཉེན་ཁ་འཕྲད་རྒྱུ་ཡིན་པ་ངས་ངོས་འཛིན་བྱེད་བཞིན་ཡོད། རྒྱ་གར་གྱི་རིག་གཞུང་ལ་སྲུང་སྐྱོབ་མ་ཐུབ་ཚེ་འགྲོ་བ་མི་རིགས་སྤྱི་ལ་ཉེན་ཁ་འཕྲད་རྒྱུ་རེད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་མཛད་འཕྲིན་ལ་བརྟེན་ནས་བོད་ཀྱི་ཆོས་དང་རིག་གཞུང་། བོད་མི་རིགས་དང་བཅས་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཙམ་མ་ཟད། བོད་མིའི་འཐབ་རྩོད་ཀྱི་རྒྱུད་རིམ་ཁྲོད་རེ་བའི་འོད་སྣང་གསར་པ་ཞིག་སྦྱིན་ཡོད།
དེར་བརྟེན་ངས་མགོན་པོ་གང་ཉིད་མཆོག་ལ་སྙིང་ཁུང་རུས་པའི་གཏིང་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞེས་གུས་ཕྱག་དང་བཅས་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གིས་ཉེ་ལམ་བོད་ནང་གི་དགོན་པ་ཁག་གཅིག་གཏོར་བཤིག་བཏང་བ་དེས་བོད་མིའི་མངོན་འདོད་དང་བོད་མིའི་བསམ་བློའི་འདུ་ཤེས་ནམ་ཡང་རྩ་མེད་བཟོ་མི་ཐུབ། བཙན་བྱོལ་ནང་དུ་བོད་མི་ཚོས་མང་གཙོའི་ཀ་བ་གསུམ་གྱི་ཆ་ལག་ཡོངས་སུ་ཚང་བའི་ཐོག་ནས་ལག་བསྟར་གནང་བཞིན་ཡོད་པ་ཙམ་མ་ཟད། མང་གཙོ་ཚད་དང་ལྡན་པ་ཞིག་གི་ཐོག་ལ་གོམས་པ་མདུན་སྐྱོད་གནང་བཞིན་པ་དེས་རྒྱ་ནག་འགོ་ཁྲིད་མཁྲེགས་འཛིན་པ་ཚོ་ལ་བོད་མིའི་དཀའ་ངལ་སེལ་ཆེད་ཐབས་ལམ་ཞིག་ངེས་པར་དུ་འཚོལ་ཐབས་བྱེད་དགོས་པ་དང་། དྲག་པོའི་སྟོབས་ཤུགས་ཁོ་ནས་བོད་མིའི་མངོན་འདོད་རྩ་མེད་བཟོ་ཐབས་མེད་པའི་བརྡ་ལན་ཞིག་གཏོང་བཞིན་ཡོད། བོད་མི་ནང་པ་རྣམས་ཀྱིས་མི་ལོ་ ༡༠།༢༠ རིང་རྒྱ་ནག་གི་བཙོན་ཁང་དུ་དཀའ་སྡུག་མྱངས་ནས་མི་ཚེ་ལྷག་མ་རྣམས་བློས་གཏོང་གནང་དགོས་ཐུག་ཀྱང་བོད་མི་རིགས་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་འགྱུར་བ་སྤུ་ཙམ་མེད་པ་གནས་ཡོད། དེར་བརྟེན་དེ་རིང་བོད་མི་ཚོས་ཟིན་བྲིས་གཏན་འབེབས་ཀྱི་མང་གཙོའི་རྩ་ཁྲིམས་ Constitution ཤིག་མེད་ཀྱང་། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལམ་ལུགས་ལ་ཆོད་སེམས་བརྟན་པོས་རྒྱུན་སྐྱོང་གནང་བཞིན་པ་འདི་ནི་མང་གཙོའི་རིང་ལུགས་སྲ་བརྟན་གནང་བཞིན་པ་ཞིག་ཡིན་པ་མ་ཟད། བཙན་བྱོལ་བོད་མིའི་མང་གཙོའི་བཅའ་ཁྲིམས་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་ལའང་ཉེས་འཛུགས་ impeachment ཞུ་ཆོག་པའི་ཆ་རྐྱེན་གསལ་ཡོད། སྤྱིར་གནས་སྟངས་དེ་ལྟར་ཡོང་མི་སྲིད་པ་ཞིག་ཡིན། འོན་ཀྱང་བཅའ་ཁྲིམས་ནང་ཆ་རྐྱེན་དེ་གསལ་བ་ཙམ་གྱིས་བཙན་བྱོལ་བོད་མིའི་མང་གཙོའི་གནད་ཚད་ཇི་ཙམ་མཐོན་པོར་བསླེབས་ཡོད་པ་ཀུན་གསལ་ཡིན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ཡོངས་སུ་གུས་འདུད་ཧ་ཅང་ཞུ་ཡུལ་ཞིག་ཡིན། དེང་སྐབས་འཛམ་གླིང་གི་གནས་སྟངས་ལ་མཚོན་ན་གོ་ལའི་ཁྱིམ་ཚང་གཅིག་ལྟ་བུ་ཆགས་ཡོད། འཛམ་གླིང་མང་ཚོགས་རྣམས་ཀྱིས་༸གོང་ས་མཆོག་གི་སྐུ་མདུན་ནས་བཟོད་སྲན་དང་མང་གཙོའི་གྲུབ་འབྲས་བཅས་བཟང་པོའི་རིན་ཐང་དེ་དག་སྐོར་བཀའ་སློབ་ཞུ་བ་དང་བློ་སྐྱེད་ལེན་བཞིན་ཡོད། ༸གོང་ས་མཆོག་ལྟ་བུའི་སྐྱེས་ཆེན་དམ་པ་ཁོང་ལའང་ཉེས་འཛུགས་ཞུ་ཆོག་པའི་ཆ་རྐྱེན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་བར་བརྟེན་བཙན་བྱོལ་བོད་མིའི་མང་གཙོའི་རིང་ལུགས་འདི་ཉིད་མང་གཙོའི་ལམ་ལུགས་ཀྱི་ཚད་གཞི་ཇི་ཙམ་མཐོན་པོར་སོན་ཡོད་པ་གསལ་པོར་མཚོན་ཐུབ། ཅེས་གསུངས།
དེ་རྗེས་ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་མུ་ཀུ་ཊི་མི་ཐི་མཆོག་གིས་གསུང་བཤད་གནང་དོན། དེ་རིང་སྔ་དྲོ་༸གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་ཁ་ཞུ་རྒྱུའི་གོ་སྐབས་ཐོབ་པ་དང་། ད་ལྟ་འདིར་མཛད་སྒོའི་ཐོག་མཉམ་ཞུགས་ཐུབ་པར་བརྟེན་སྐལ་བཟང་གི་གོ་སྐབས་གཉིས་ཐོབ་པ་ཞིག་བྱུང་། དེ་རིང་བཙམ་བྱོལ་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༥༦ ཐོག་ང་རང་བཅར་ཐུབ་པ་འདི་ཧ་ཅང་སྐལ་བ་བཟང་པོ་བྱུང་། དུས་ཚིགས་ཁྱད་པར་ཅན་འདིར་ངས་བོད་མི་ཚོས་མང་གཙོའི་ལམ་ལུགས་ཐོག་ནས་འཐབ་རྩོད་གནང་བཞིན་པ་དེར་གྲུབ་འབྲས་ལམ་ལྷོང་ཡོང་རྒྱུར་འཚམས་འདྲི་ཞུ་རྒྱུ་དང་། རྒྱ་གར་ཡུལ་འདི་ལོ་རྒྱུས་ཐོག་ཆོས་དང་རིག་གཞུང་། གོམས་གཤིས་གང་གི་ཆ་ནས་བོད་དང་འབྲེལ་བ་ཆེན་པོ་ཡོད་པ་མ་ཟད། བོད་མི་ཚོ་དང་སེམས་ཐག་ཧ་ཅང་ཉེ་པོ་ཡོད། ང་རང་ལ་མཚོན་ནའང་བོད་མིའི་འཐབ་རྩོད་དང་འབྲེལ་བ་ཡོད། བོད་མིའི་རྩ་དོན་དང་འབྲེལ་བའི་ལྷན་ཚོགས་དང་། ལས་དོན་མང་པོའི་ཐོག་ངས་ལྷ་བསམ་རྣམ་དག་ཐོག་ནས་དུས་ཡུན་རིང་པོའི་རིང་མཉམ་ཞུགས་བྱས་མྱོང་ཡོད། ཕྱི་ལོ་ ༡༩༥༩ ལོར་ང་རང་ལོ་ན་བདུན་ལ་སོན་པའི་བྱིས་པ་ཞིག་ཡིན། སྐབས་དེར་ང་ཚོ་ཡོད་སའི་ས་ཁུལ་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་བོད་ནསརྒྱ་གར་དུ་བྲོས་བྱོལ་ལ་ཆིབས་སྒྱུར་བསྐྱངས་བའི་སྐོར་གཏམ་འཆལ་རིགས་སྤྱི་ཚོགས་ཁྲོད་མང་ཚོགས་རྣམས་ཀྱིས་གླེང་སློང་བྱས་པའི་སྐད་ཆ་མང་པོ་ཞིག་གོ་མྱོང་ཡོད།
དུས་སྐབས་དེར་བོད་མི་མང་པོ་ཞིག་གིས་༸གོང་ས་མཆོག་གི་རྗེས་སུ་འབྲང་ནས་རྒྱ་གར་དུ་ཕེབས་ཡོད། བོད་མི་དེ་དག་བྲོས་བྱོལ་དུ་ཡོང་དགོས་དོན་ནི་སྐབས་དེར་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་ཆེད་ཡིན་པ་ཞིག་རེད། འཚེ་མེད་ཞི་བདེར་དགའ་བའི་བོད་མི་ཚོའི་དཀའ་སྡུག་ལ་འཛམ་གླིང་གིས་གདུང་སེམས་མཉམ་སྐྱེ་ཞུས་ཡོད། ངའི་མངའ་སྡེ་ཨ་རུ་ནཱ་ཅལ་ལྟ་བུར་མཚོན་ན་སྐབས་དེར་ North East Frontal Agency བརྗོད་བཞིན་ཡོད་པ་དེས་སྐབས་དེར་༸གོང་ས་མཆོག་དང་བོད་མི་རྣམས་ལ་ཕེབས་བསུའི་སྣེ་ལེན་ཞུས་ཡོད། དུས་སྐབས་དེ་ནས་བཟུང་བོད་མི་མང་པོ་ཞིག་ཨ་རུ་ནཱ་ཅལ་ས་ཁུལ་དང་། དེ་མཚུངས་ད་ལྟའི་ཆར་རྒྱ་གར་གྱིས་གཙོས་འཛམ་གླིང་ས་ཕྱོགས་འདྲ་མིན་ནང་བོད་མི་བཙན་བྱོལ་བ་རྣམས་གནས་སྡོད་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་དབང་སྒྱུར་བྱས་རྗེས་སུའང་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་མི་རྣམས་ལ་ཆོས་སྲིད་གཉིས་ཀྱི་ལམ་སྟོན་མཛད་ཡོད། ༸གོང་ས་མཆོག་གིས་འཚེ་མེད་ཞི་བའི་ཐབས་ལམ་རྒྱུན་སྐྱོངས་མཛད་པ་དེར་འཛམ་གླིང་ནང་ངོས་འཛིན་རྒྱ་ཆེ་ཐོབ་པར་བརྟེན་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད།
ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་ནང་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཚོགས་ཡོད། སྐབས་དེར་བོད་པའི་སྐུ་ཚབ་འཐུས་མི་རྣམ་པས་རྒྱ་གར་གྲོས་ཚོགས་ནང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་བ་བརྒྱུད་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་གསལ་ཆེད་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་ལྷན། གྲོས་མོལ་བསྐྱར་མཐུད་དགོས་པའི་རེ་འདུན་འདོན་ཆེད་གྲོས་ཆོད་གཞག་དགོས་པའི་བསམ་འཆར་བཏོན་ཡོད། སྤྱིར་སྟོན་པ་བཅོམ་ལྡན་འདས་ཀྱིས་འདོན་གནང་མཛད་པའི་དབུ་མའི་ལྟ་བ་དེས་འགྲོ་མིའི་སྡུག་སྔལ་སེལ་ཆེད་དུས་རྟག་ཏུ་ཕན་རླབས་རྒྱ་ཆེ་བྱུང་ཡོད་པ་མ་ཟད། ཆབ་སྲིད་ཀྱི་ཐོག་ནས་བཤད་ནའང་དབུ་མའི་ལམ་གྱི་ཐབས་ལམ་འདི་ལ་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་གནང་དགོས། གཞན་ཡང་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་སྐབས་དེར་བོད་མིའི་སྐུ་ཚབ་རྣམ་པས་རྒྱ་གར་གཞུང་ནས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐོག བོད་ཀྱི་གནད་དོན་དེ་གནད་དོན་གལ་ཆེར་ངོས་འཛིན་གནང་རོགས། ཞེས་འབོད་སྐུལ་གནང་བ་ལྟར་ང་རང་ལ་མཚོན་ན་ངས་གནད་དོན་དེ་དག་རྒྱ་གར་གཞུང་ལ་བརྡ་ལན་ངེས་པར་དུ་འཕྲོད་པ་ཞིག་བྱ་རྒྱུ་ཡིན། རྒྱ་གར་གྲོས་ཚོགས་ནང་ལ་མཚོན་ན་གཞུང་འཛིན་དང་ཕྱོགས་འགལ་བཅས་་ཆབ་སྲིད་ཚོགས་པ་ཚང་མས་བོད་དོན་ལ་རྒྱབ་སྐྱོར་གནང་བཞིན་ཡོད། མཐའ་དོན་ཞུ་རྒྱུར། ང་ཚོ་དང་རྒྱ་གར་གཞུང་མང་གཉིས། དེ་བཞིན་འཛམ་གླིང་སྤྱི་ཚོགས་ཀྱིས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་ཞུ་བཞིན་ཡོད། ཅེས་གསུངས།