༢༠༡༦ ཟླ་ ༨ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༩ ཉིན་རྒྱ་གར་བྱང་ཕྱོགས་ཧར་ཡ་ན་མངའ་སྡེའི་གྲོང་ཁྱེར་སོ་ནི་པཏ་ Sonipat ནང་རྟེན་གཞི་བྱས་པའི་ཨོ་པི་ཇིན་དལ་མཐོ་སློབ་ཁང་དུ་ OP Jindal Global University བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་། ཕྱི་དྲིལ་འཕགས་བོད་འབྲེལ་མཐུད་ལས་ཁུངས་དང་འགྲེམས་སྟོན་ཚན་པ་བཅས་ནས་རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་བྱེད་སྒོ་ཞིག་སྤེལ་ཡོད།
སྐབས་དེར་བྱེད་སྒོ་མི་འདྲ་བ་ཁག་བཞི་སྤེལ་ཡོད་པ་རྣམས་ནི། ༡༽གཏམ་བཤད་དང་བགྲོ་གླེང་ལྷན་ཚོགས་གཅིག་ལྕོགས། ༢༽༸གོང་ས་མཆོག་གི་མཛད་རྣམ་དང་འཕགས་བོད་འབྲེལ་ལམ་སྐོར་གྱི་པར་རིགས་འགྲེམས་སྟོན། ༣༽རྒྱ་དཀར་ནག་གཉིས་ཀྱི་གི་འབྲེལ་ལམ་ཐོག་བོད་ཀྱི་གནད་དོན་གལ་གནད་ཇི་ཙམ་ཆགས་མིན་སྐོར་ལ་རྒྱ་གར་དབུ་ཁྲིད་ཁག་གི་གཏམ་བཤད། ༤༽འཕགས་བོད་འབྲེལ་ལམ་སྐོར་གྱི་གློག་བརྙན། བཅས་ཡིན་འདུག
དེ་ཡང་གཏམ་བཤད་དང་བགྲོ་གླེང་ལྷན་ཚོགས་སྐབས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་། མཐོ་སློབ་དེ་གའི་མཁས་དབང་ཁག་གཅིག་བཅས་ལྷན་འཛོམས་ཐོག བོད་དོན་གླེང་བ། ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་བགྲོ་གླེང་གཅིག་ལྕོགས་གནང་ཡོད།
༸གོང་ས་མཆོག་གི་མཛད་རྣམ་དང་འཕགས་བོད་འབྲེལ་ལམ་སྐོར་གྱི་པར་རིགས་འགྲེམས་སྟོན་གོ་སྒྲིག་གནང་མཁན་ཕྱི་དྲིལ་འགྲེམས་སྟོན་ཚན་པ་ཡིན་ཞིང་།
རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐོག་བོད་ཀྱི་གནད་དོན་གལ་གནད་ཇི་ཙམ་ཆགས་མིན། ཞེས་པའི་བརྗོད་གཞིའི་ཐོག་སྐོར་རྒྱ་གར་གྲགས་ཅན་དབུ་ཁྲིད་ཁག་གཅིག་གིས་གཏམ་བཤད་སྤེལ་ཡོད།
དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་འབུམ་རམས་པ་སི་རཱཇ་ཀུ་མཱར་ Dr C Raj Kumar ལགས་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་འཕར་བསོད་ནམས་བསྟན་འཛིན་ལགས། མཐོ་སློབ་ཀྱི་སློབ་སྤྱི་བཅས་ནས་པར་རིགས་འགྲེམས་སྟོན་དབུ་འབྱེད་གནང་།
དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྐུ་ཞབས་སི་རཱཇ་ཀུ་མཱར་ལགས་ཀྱིས་སྐབས་དེར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ཇིན་དལ་མཐོ་སློབ་ཀྱི་ཉམས་ཞིབ་ཚན་པའི་མཁས་དབང་བཅས་ཐུན་མོང་ཐོག་བྱེད་སྒོ་དེ་ལྟ་བུ་གོ་སྒྲིག་གནང་ཐུབ་པར་དགའ་ཚོར་བྱུང་སྐོར་དང་། སླད་ཀྱང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ཟུང་འབྲེལ་ཐོག་དེ་ལྟ་བུའི་བགྲོ་གླེང་བསྐོང་ཚོགས་གནང་རྒྱུར་ཆོད་སེམས་བརྟན་པོ་ཡོད་སྐོར་སོགས་གསུངས།
གཞན་ཡང་དྲུང་འཕར་བསོད་ནམས་བསྟན་འཛིན་ལགས་ཀྱིས་སྐབས་དེར་གསུང་བཤད་གནང་སྐབས། ཕྱི་ལོ་༡༩༥༩ལོ་ནས་བཟུང་ད་བར་བོད་མི་བཙན་བྱོལ་བ་རྣམས་གཙོ་ཆེ་རྒྱ་གར་གཞུང་མང་གཉིས་ཀྱི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་འཚོ་གནས་བྱེད་བཞིན་ཡོད་སྟབས། རྒྱ་གར་ས་གནས་གང་སར་ཐུགས་རྗེ་ཆེ་ཞུའི་ལས་རིམ་གོ་སྒྲིག་ཞུས་དང་ཞུ་མུས་བཅས་ཀྱི་གལ་གནད་སྐོར་གསུངས།
སྐབས་དེར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་པ་རྒྱལ་མཚན་ལགས་ཀྱིས་བོད་མཐོ་སྒང་དང་། བོད་ནང་གི་ད་ལྟའི་ཁོར་ཡུག་གནས་སྟངས་སྤྱི་དང་། ལྷག་པར་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གནས་སྟངས་དེས་འཛམ་གླིང་སྤྱིའི་ཁོར་ཡུག་གནས་སྟངས་ལ་ཤུགས་རྐྱེན་ཇི་ཙམ་ཐེབས་མིན་སྐོར་དང་། བསྟན་འཛིན་ཚེ་བརྟན་ལགས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་འཛིན་སྐྱོང་སྒྲོམ་གཞི་དང་། རྒྱ་ནག་ཏང་སྲིད་དམག་གསུམ་དང་དྲིལ་བསྒྲགས་ཀྱི་ལས་གཞིའི་སྐོར། ཤེས་རབ་འོད་ཟེར་ལགས་ཀྱིས་རྒྱ་ནག་གི་ལོ་ལྔའི་འཆར་གཞི་ཐེངས་ ༡༣ སྐོར།
དེ་བཞིན་བསྟན་འཛིན་དགྲ་ལྷ་ལགས་དང་། བསྟན་འཛིན་ཚུལ་ཁྲིམས་ལགས་ནས་སྤྱི་ཚོགས་དྲྭ་རྒྱའི་ཐོག་བོད་དོན་ལས་འགུལ་དང་། རྒྱ་ནག་ནང་དྲྭ་རྒྱའི་ཐོག་དམ་བསྒྲགས་དང་སྟངས་འཛིན་ཇི་ཙམ་ཡོད་སྐོར་ངོ་སྤྲོད་དང་དེའི་ཐོག་བསམ་ཚུལ་བརྗེ་ལེན་དང་བགྲོ་གླེང་གནང་ཡོད་འདུག
དེ་ཉིན་གྱི་ཕྱེད་ཡོལ་དུ་འཕགས་བོད་འབྲེལ་མཐུད་ལས་ཁུངས་ ITCO ནས་ཇིན་དལ་མཐོ་སློབ་ཀྱི་སློབ་ཕྲུག་དང་། ས་གནས་བོད་རིགས་དང་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་སོགས་མི་གྲངས་བརྒྱ་ལྷག་ལ་རྒྱ་དཀར་ནག་གི་འབྲེལ་ལམ་ཐོག་བོད་ཀྱི་གནད་དོན་གལ་གནད་ཇི་ཅམ་ཆེ་སྐོར་གཏམ་བཤད་གོ་སྒྲིག་ཞུས་ཡོད་འདུག སྐབས་དེར་རྒྱ་གར་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་གི་འགན་འཛིན་སྐུ་ཞབས་ཁེ་རི་མི་Mr R K Khrimey,ལགས་དང་། ཇིན་དལ་མཐོ་སློབ་ཀྱི་རྒྱལ་སྤྱིའི་འབྲེལ་ལམ་ཚན་པའི་སློབ་སྤྱི་སྐུ་ཞབས་ཤྲི་རམ་ཅོ་ལི་ཡ་ Dr Sreeram Chaulia ལགས་སོགས་ནས་གསུང་བཤད་གནང་ཡོད་འདུག་པ་བཅས།།
བོད་སྒྱུར།