ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༠ ཉིན་ཚོགས་དྲུང་ལས་ཁུངས་ཀྱིས་གོ་སྒྲིག་འོག་རྡ་ཤོད་དུ་ཡོད་པའི་ (Centre Point) ཞེས་པའི་མགྲོན་ཁང་དུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་དང་། རྒྱ་གར་ཨར་ཨེ་སི་ཨེ་སི་ (RSS) སྤྱི་ཚོགས་ཞབས་ཞུ་ཚོགས་པའི་རིག་གཞུང་འགན་འཛིན་སྐུ་ཞབས་ཨིན་དེ་རི་ཤི་ཀུ་མཱར་(Indresh Kumar) ལགས་ཀྱིས་བོད་དོན་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༡ པོ་ཡོལ་ཙམ་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག སྐུ་ཞབས་ཨིན་དེ་རི་ཤི་ཀུ་མཱར་ལགས། ཚོགས་དྲུང་སྟོབས་རྒྱལ་ལགས་དང་འབྲེལ་ཡོད་ཁག་གཅིག ཕྱི་ནང་གི་གསར་འགོད་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གསར་འགོད་ལྷན་ཚོགས་བསྐོང་ཚོགས་གནང་དགོས་དོན་སྐོར་ངོ་སྤྲོད་གནང་དོན། སྐུ་ཞབས་ཨིན་དེ་རི་ཤི་ཀུ་མཱར་མཆོག་གིས་ཕྱི་ལོ་ ༡༩༩༧ ལོ་ནས་རྒྱ་གར་རྒྱལ་ཡོངས་ནང་བོད་པའི་རྩ་དོན་ཆེད་རྒྱབ་སྐྱོར་གནང་བཞིན་ཡོད་པ་མ་ཟད། ཧིན་བོད་མཛའ་འབྲེལ་ཚོགས་པ་དང་རྒྱ་གར་ཧི་མཱ་ལ་ཡ་ཁྱིམ་ཚང་ཞེས་པའི་ཚོགས་པ་བརྒྱུད་བོད་ཀྱི་རྩ་དོན་སླད་ལས་འགུལ་ཧ་ཅང་མང་པོ་སྤེལ་གྱི་ཡོད། ད་ཐེངས་རྒྱ་གར་གྱི་སྤུན་སྲིང་ཉིན་མོ་(Raksha Bandhan) དང་སྟབས་བསྟུན། ཁོང་རྡ་སར་ཕེབས་ཡོད་པ་དང་། ཁོང་གིས་དེ་སྔོན་བོད་དོན་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་བསྐོང་མྱོང་མེད་སྟབས། སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོང་རོགས་ཞུས་པ་རེད། ཅེས་སོགས་གསུངས་གྲུབ་བསྟུན་སྐུ་ཞབས་ཨིན་དེ་རི་ཤི་ཀུ་མཱར་མཆོག་གིས་གསུང་དོན། བོད་དོན་རྒྱབ་སྐྱོར་ཚོགས་པ་ཡིན་པའི་ཆ་ནས་བོད་པའི་མངོན་འདོད་གཙོ་བོ་ནི། ༧གོང་ས་མཆོག་གི་དགོངས་གཞི་གཞིར་བཟུང་བོད་རྒྱ་འབྲེལ་མོལ་ཐོག་ད་བར་ཤུགས་བརྒྱབ་པ་ཡིན། ད་དུང་ཡིན་ནའང་ཤུགས་བརྒྱབ་རྒྱུའི་ནུས་པ་ཡོད།
བོད་ནི་རྒྱ་དཀར་ནག་གཉིས་དབར་གྱི་ཞི་བའི་བསྟི་གནས་ལྟ་བུ་ཡིན་ཡང་། རྒྱ་ནག་གིས་བོད་དབང་སྒྱུར་བྱས་རྗེས། རྒྱ་གར་གྱི་ཁྱིམ་མཚེས་བྱེད་མྱོང་མེད་པའི་རྒྱལ་ཁབ་ཅིག་ཁྱིམ་མཚེས་རྒྱལ་ཁབ་ཆགས་ནས་དཀའ་རྙོག་ཡོང་བཞིན་པ་དང་། བོད་དོན་བདེན་མཐའ་གསལ་ཐབས་སུ་སྔ་ཕྱི་བར་གསུམ་དུ་གཞུང་དང་སྤྱི་ཚོགས་ནང་ལས་ཀ་མུ་མཐུད་བྱས་པར་བརྟེན། རྒྱ་ནག་གི་དཔོན་རིགས་ཚོར་རྣམ་དཔྱོད་ཡོད་ན་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ལྟར་རྣམ་དཔྱོད་འདོན་དགོས།
རྒྱ་ནག་གི་སྲིད་གཞུང་འོག་བོད་པ་གཅིག་པུ་མིན་པར་རྒྱ་མི་རིགས་ཚོ་ཡང་མུ་མཐུད་སྡུག་སྦྱོང་མྱོང་བཞིན་ཡོད་པར་བརྟེན་ཚང་མས་ཁ་གྲགས་དགོས། མཉམ་འབྲེལ་རྒྱལ་ཚོགས་ནང་མ་ཚུད་པའི་རང་དབང་མེད་པའི་རྒྱལ་ཁབ་མང་པོ་ཡོད་པ་དེ་དག་གིས་འབོད་སྒྲ་སླེབ་ཐབས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་མིན་པའི་རྒྱལ་ཁབ་དེ་ཚོས་དུས་ཚོད་རན་པའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ནང་སླེབ་ཐབས་དང་། སྐུ་ཚབ་སླེབ་མ་ཐུབ་ནའང་གནད་དོན་སླེབ་ཐབས་བྱེད་དགོས། དཔེར་ན། བོད་དང་ཐའེ་ཝན་སོགས་རྒྱལ་ཁབ་མང་པོ་ཡོད་པས་དེའི་ཐོག་ཤུགས་བསྐྱོན་དགོས། རྒྱ་གར་གྱི་ངོས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་ཡོད་པ་མ་ཟད། མུ་མཐུད་གནས་ཀྱི་རེད།
སྤྱི་ཚོགས་ནང་གནས་ཚུལ་གླེང་སློང་སྣ་ཚོགས་ཡོང་བ་ནི་ཆོས་ཉིད་རེད། འོན་ཀྱང་གནད་དོན་གང་སླེབ་མིན་ལ་མ་ལྟོས་པར་རྒྱ་གར་ངོས་ནས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་དུས་ནམ་ཡང་མ་ཉམས་པར་མུ་མཐུད་གནས་རྒྱུ་རེད། རྒྱ་ནག་གིས་བོད་ནི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པ་རེད་ཟེར་རྒྱུ་དེ་རྒྱ་གར་གྱིས་ནམ་ཡང་ཁས་ལེན་བྱེད་མྱོང་མེད་པ་མ་ཟད། ད་ལྟ་ཡིན་ནའང་རྒྱ་ནག་གིས་གནོན་ཤུགས་སྤྲད་པ་ཡིན་ནའང་ཁས་ལེན་གྱི་མ་རེད། ད་ལྟའི་གནས་སྐབས་ཀྱི་དུས་ཚོད་ལ་བོད་ནི་རྒྱ་ནག་གིས་བཙན་གནོན་འོག་ཏུ་ཤོར་ནས། རང་སྲིད་རང་སྐྱོང་རྩོད་ལེན་བྱེད་བཞིན་པའི་ཐོག་རྒྱ་གར་གཞུང་མང་གཉིས་ནས་རྒྱབ་སྐྱོར་སྔ་ཕྱི་བར་གསུམ་དུ་གནང་གི་ཡོད་པ་ལས། ལོ་རྒྱུས་ཀྱི་ཐོག་ནས་ཀྱང་བོད་ནི་རྒྱ་ནག་གི་ཆ་ཤས་རེད་ཅེས་ནམ་ཡང་ཁས་ལེན་བྱེད་ཀྱི་མེད་པ་མ་ཟད་ཁས་ལེན་བྱ་ཐབས་མེད་སྐོར་སོགས་གསུངས་སོང་།།