༢༠༡༦ ཟླ་ ༨ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ཆོས་མཛད་མའི་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སླེ་གནམ་ཐང་ཉེ་འཁྲིས་སྐ་རཱ་འོག་མར་ཆགས་པའི་བཙུན་དགོན་ཐུབ་བསྟན་ཆོས་འཁོར་གླིང་དུ་༸ཞབས་སོར་འཁོད་བསྟུན། ཚོགས་པའི་སྤྱི་ཁྱབ་འགན་འཛིན་བཙུན་མ་བསྟན་འཛིན་དཔལ་མོ་ལགས་ཀྱིས་རྟེན་འབྱུང་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས། དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། འདི་གར་རབ་བྱུང་མ་ཁྱེད་རང་ཚོ་གཙོ་བོར་གྱུར་བའི་གྲོགས་པོ་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། ངོས་རང་དེ་རིང་འདིར་ཁྱུག་ཙམ་བཅར་བ་ཡིན། ད་ལྟ་ལས་བསྡོམས་ནང་ཡོད་པ་བཞིན་གཙོ་ཆེན་ཁྲི་རིན་པོ་ཆེས་ཐོག་མར་ཐུགས་ཁུར་བཞེས་པ་ཞིག་ཡིན་པ་རེད། བཅོམ་ལྡན་འདས་ཀྱིས་དགེ་སློང་ཕ་དང་དགེ་སློང་མ་ཞེས་ཐོབ་ཐང་གཅིག་པ་གནང་ཡོད། བར་སྐབས་ནུབ་ཕྱོགས་ནས་ཡོང་བའི་རབ་བྱུང་མ་དེ་འདྲས་དགེ་སློང་མ་སྒྲུབ་དགོས་ཀྱི་འདུག་ཅེས་འབོད་སྐུལ་བྱེད་མཁན་ཤུགས་ཆེན་པོ་བྱུང་། དགེ་སློང་མ་ཞེས་པ་དེ་འདུལ་བ་དང་མཐུན་པ་བྱས་ཏེ་འགྲོ་རྒྱུ་རེད་མ་གཏོགས་ངོས་ཀྱིས་ཐག་གཅོད་བྱེད་ཐུབ་རྒྱུ་མེད། ངོས་ཀྱིས་ཐག་གཅོད་ཐུབ་པ་དེ་བཙུན་མས་དགེ་བཤེས་མ་འཇོག་རྒྱུ་དེ་ངོས་ཀྱིས་ཐག་གཅོད་བྱས་པ་རེད།
གང་ལྟར་རབ་བྱུང་གི་དགོན་པ་དེ་སྔ་ཡིན་ན་གཞུང་ཆེན་མོ་མེད་མཁན་ཚོས་ཀྱང་སློབ་གཉེར་བརྒྱབ་དགོས། སྔོན་དང་པོར་རྣམ་རྒྱལ་གྲྭ་ཚང་གམ་བཅར་ཕན་བདེ་ལེགས་བཤད་གླིང་ལ་སྔགས་ཀྱི་ཆོ་ག་ཧ་ཅང་མང་པོ་ཡོད། དེ་བཞིན་བློ་འཛིན་བྱེད་རྒྱུ། འདུལ་ཚོན། ཐིག གར་འཆམ་སོགས་ཧ་ཅང་ཡག་པོ་ཡོད། འོན་ཀྱང་དཔེ་ཆ་གཞུང་ཆེན་བལྟ་དགོས་རེད་ཅེས་ངོས་ཀྱིས་གཞུང་ཆེན་བལྟ་རྒྱུ་ཞིག་བཙུགས་པ་རེད། དེ་དང་ཆབས་ཅིག་རྒྱུད་གྲྭ་སྨད་སྟོད། བསྐྱེད་རིམ་པ་ཚོས་དེ་སྔ་ཡིན་ན་གཞུང་བལྟ་གི་མེད་སྟབས་བལྟ་དགོས་འདུག་ཅེས་བརྗོད་པ་ཡིན། དེ་དང་དེས་མཚོན་དགོན་པ་མང་པོ་ཞིག་ལ་དེ་སྔ་གཞུང་ཆེན་མ་ལྟ་མཁན་ཚོར་བལྟ་དགོས་རེད་ཅེས་ངོས་ཀྱིས་འབོད་སྐུལ་བྱས་པ་ཡིན།
དེ་བཞིན་བཙུན་མའི་དགོན་པ་ཚོས་ཀྱང་དཔེ་ཆ་བལྟ་དགོས་རེད། ཁྱེད་རང་ཚོས་ཤེས་གསལ་རེད། རྡ་སའི་ཉེ་འཁོར་དང་རྒྱ་གར་ལྷོ་ཕྱོགས་ལ་ཡོད་པའི་བཙུན་མའི་དགོན་པ་མང་ཆེ་བས་གཞུང་ཆེན་བལྟ་རྒྱུ་འགོ་བཙུགས་ནས་ད་ལོའི་ལོ་འདིའི་ནང་རྒྱ་གར་ལྷོ་ཕྱོགས་སུ་དགེ་བཤེས་མའི་ལག་ཁྱེར་སྤྲོད་རྒྱུ་གཏན་འཁེལ་ཡོད། ཁྱེད་རང་ཚོས་དེ་ལུགས་ཀྱི་ནང་དོན་རིག་པ་དང་ཚན་མ་རིག་པ། གསོ་བ་རིག་པའི་ཐོག་སློབ་གཉེར་བྱས་ནས་གཞན་ཕན་རླབས་ཆེ་ཙམ་བསྒྲུབ་ཐུབ་ཐབས་བྱེད་རྒྱུ་དེ་ཞེ་དྲགས་ཡག་པོ་བྱུང་འདུག རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དགེ་བཤེས་མའི་ལག་ཁྱེར་སྤྲོད་རྒྱུ་དེ་ཐོག་མའི་འཆར་གཞི་ལྟར་ན་རྡ་རམ་ས་ལར་སྤྲོད་རྒྱུ་བྱས་པ་རེད། ངོས་རང་འདི་ལོའི་དགུན་ཁར་འབྲས་སྤུངས་ལ་འགྲོ་གི་ཡོད། དེ་སྔ་བོད་ལ་ཡིན་ན་འབྲས་སྤུངས་ལ་ནཱ་ལེནྡྲ་གཉིས་པ་ཞེས་འབོད་སྲོལ་ཡོད། རབ་བྱུང་ཕ་ཁྲི་ཕྲག་ཡོད་སའི་དབུས་སུ་རབ་བྱུང་མའི་དགེ་བཤེས་ལག་ཁྱེར་སྤྲོད་རྒྱུ་ཞིག་བྱས་ན་ཏོག་ཙམ་ངོ་སོ་ཐོན་པོ་རྫིག་པོ་ཞིག་དང་། ཁྱེད་རང་ཚོས་ཀྱང་གདན་ས་ཆེན་པོའི་དགེ་འདུན་པ་ཚོགས་པའི་དབུས་སུ་དགེ་བཤེས་མའི་ལག་ཁྱེར་ཞུས་པ་ཡིན་ཟེར་ན་ཕྲན་བུ་རྫིག་པོ་ཞིག་མི་འདུག་གམ། རྡ་རམ་ས་ལ་ས་ཆ་ཁུག་ཀྱོག་ཅིག་ལ་དགེ་བཤེས་མའི་ལག་ཁྱེར་སྤྲོད་པ་ལས་ལྷོ་ཕྱོགས་སུ་ཡག་པ་མཐོང་བྱུང་། རྟེན་འབྲེལ་ཞིག་ཀྱང་ཡོང་རྒྱུ་རེད་བསམས་པ་དྲན་བྱུང་། དེར་བརྟེན་དགེ་བཤེས་མའི་ལག་ཁྱེར་འབྲས་སྤུངས་སུ་སྤྲོད་རྒྱུ་བྱས་པ་རེད།
དཔེ་ཆ་དང་གཞུང་བལྟ་དགོས་རེད་ཟེར་རྒྱུ་དེ་ངོས་རང་ཆུང་དུས་གཞུང་བལྟས་ཡོད་ཀྱང་ཡག་པོ་ཤེས་ཀྱི་མེད། ངོས་ཀྱིས་དམ་བཅའི་སྐབས་ཁོང་ཚོས་རྟགས་གསལ་གཏོང་སྐབས་ཁོང་ཚོའི་བཟོ་ལྟར་ལྟ་གིན་ལྟ་གིན། འདོད། རྟགས་མ་གྲུབ། ཅེས་ལན་བརྒྱབ་པ་ཡིན། གཞུང་བལྟས་ཡོད་ཀྱང་ཆོས་རར་འགྲིམས་ཏེ་དཀའ་ལས་བརྒྱབ་མེད། མཚན་ཞབས་བདུན་ཡོད་པ་ཁོང་ཚོ་དང་ལྷན་དུས་ཚོད་མང་ཆེ་བ་སྐད་ཆ་བཤད་ནས་སྡོད་ཀྱི་ཡོད།
འཛམ་གླིང་འདིའི་སྒང་སངས་རྒྱས་པའི་ཆོས་བོད་གངས་ཅན་ལ་ཡོད་པ་ནང་བཞིན་འཛམ་གླིང་གི་ནང་པའི་ཡུལ་གྲུ་སུ་གཅིག་ལའང་མེད། ཆོ་ག་འདོན་རྒྱུ་དང་སྦྱིན་སྲེག་འབུལ་རྒྱུ། དབང་རྫས་གྱོན་རྒྱུ་དེ་ཉི་ཧོང་ལའང་ཡོད། ཉི་ཧོང་ལ་རྒྱ་ནག་ནས་དར་བ་ཡིན་དུས་རྒྱ་ནག་ལའང་ཡོད། ཆོ་ག་དང་སྨོན་ལམ་འདོན་རྒྱུ་དེ་ནང་པའི་ལུང་པ་མང་པོར་ཡོད། ཐའི་ལེན་ཌིས་མཚོན་ང་ཚོས་ཐེ་ར་ཝ་ད་ Theravada ཟེར་བ་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་གྱི་ཡུལ་གྲུ་ཚོའི་ནང་སྨོན་ལམ་འདོན་རྒྱུ་ལྟ་བུ་མང་པོ་ཡོད། སྨོན་ལམ་བཏོན་པ་དེའི་དོན་དག་གང་རེད་ཅེས་འདྲི་སྐབས་བཤད་ཐུབ་རྒྱུ་ཁག་པོ་ཆགས་ཀྱི་འདུག ཉི་ཧོང་དང་རྒྱ་ནག་ནང་ཆ་བཞག་ནའང་དེ་རང་རེད། ཆོ་ག་འདོན་རྒྱུ་མ་གཏོགས་དོན་དག་དེར་ཆེད་དུ་གཉེར་ནས་སློབ་གཉེར་མ་བྱེད་ན་ཤེས་རྒྱུ་མ་རེད། དེར་བརྟེན་ང་ཚོ་དུས་རབས་འདི་ལྟ་བུའི་སྒང་སླེབས་ཡོད། འཛམ་གླིང་འདིའི་སྒང་(ས་ཡིན་ཊི་ཕིག་ཨེབ་རོ་ཆི་ scientific approach )བརྗོད་སྐབས་དངོས་ཡོད་གནས་ཚོད་དང་མཐུན་པ་ཞིག་དགོས། དངོས་སུ་མཐོང་རྒྱུ་ཡོད་པ་ཞིག་དགོས། ཚན་རིག་ཐོག་ནས་བརྗོད་སྐབས་ར་འཕྲོད་ཐུབ་པ་དགོས་པ་ལས། ཡོད་ཅེས་བཤད་པ་ཙམ་གྱིས་འགྲིག་ཐབས་མེད། ད་ལྟའི་དུས་ཚོད་འདི་ཚན་རིག་གི་དུས་རབས་ཤིག་ཆགས་ཡོད།
དེར་བརྟེན་ཆོས་ཀྱི་སྐད་ཆ་དེ་ཡང་ཁ་ཡོད་ལག་ཡོད་མཐོང་རྒྱུ་ཡོད་པ་ཞིག་དགོས་པ་རེད་མ་གཏོགས། མཐོང་རྒྱུ་མེད་པར་ཡོད་རེད་ཅེས་བརྗོད་ན་ཕན་ཐོགས་མེད། ཕྱོགས་གཅིག་ནས་རྒྱུད་ལ་རྟོགས་པ་སྐྱེས་ནས་ལམ་སང་ཤེས་མ་ཐུབ་ཀྱང་རིགས་པའི་ལམ་གྱི་ཐོག་ནས་གཙོ་བོ་བདག་མེད་པའི་དོན་སྒོམ་ནས་བསམ་བློ་གཏང་ན། ཉོན་མོངས་ག་ལེར་ཤུགས་ཆུང་དུ་ཕྱིན་ནས་ཉོན་མོངས་ཀྱི་ཉེས་སྤྱོད་ཤུགས་ཆུང་དུ་ཕྱིན་ནས་མཐར་འགོག་པའི་བདེན་པ་ཐོབ་རྒྱུ་ཡོད་པ་ཞིག་རིགས་པས་ཡག་པོ་བསྒྲུབ་ཐུབ་ན། ཚན་རིག་པས་གཙོས་མི་བསམ་བློ་ཡོད་མཁན་ཞིག་ཡིན་ན། ནང་ཆོས་དེར་འགྲེལ་བཤད་བརྒྱབ་ན་ཡ་མཚན་པོ་འདུག ཅེས་མང་པོས་བཤད་ཀྱི་འདུག དེར་བརྟེན་ཚན་རིག་གི་དུས་རབས་ཤིག་ལ་སླེབས་ཡོད་དུས་ནང་པའི་གཞུང་འདི་རྩ་བ་ཚན་རིག་དང་མཐུན་པ་རེད། ཚན་རིག་དང་མཐུན་པ་ཡིན་པ་དེར་སོ་སོས་སློབ་སྦྱོང་བྱས་ནས་ཤེས་པར་བྱས་ན། སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་དངོས་གནས་བསྒྲུབ་ཐུབ་ཀྱི་རེད། གཞན་དད་པ་བྱས་ནས་སྐྱབས་སུ་མཆིའོ། སྐྱབས་སུ་མཆིའོ་ཟེར་ནས་ཕྱིན་པ་ཡིན་ན་མི་ཚོས་གད་མོ་དགོད་རྒྱུ་རེད། དེར་བརྟེན་དཔེ་ཆ་བལྟ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།
དཔེར་ན། འདིར་ལས་བསྡོམས་ནང་འཁོད་དོན་ལྟར་ན། ལ་དྭགས་ཆོས་མཛད་མའི་ཚོགས་པ་དེ་བཞིན་ཐོག་མར་གསར་འཛུགས་སྐབས་བཙུན་དགོན་ ༡༨ ལས་མེད་ཀྱང་ད་ཆ་དགོན་པ་ཇེ་འཕེལ་དུ་སོང་ནས། རྙིང་མའི་བཙུན་དགོན་གྲངས་ ༣ འབྲུག་པ་བཀའ་བརྒྱུད་གྱི་བཙུན་དགོན་གྲངས་ ༤ ས་སྐྱའི་བཙུན་དགོན་གྲངས་ ༡ དགེ་ལུགས་བཙུན་དགོན་གྲངས་ ༡༧ འབྲི་གུང་བཀའ་བརྒྱུད་གྱི་བཙུན་དགོན་གྲངས་ ༡ བཅས་བསྡོམས་གྲངས་ ༢༦ ཡོད་ཅེས་འཁོད་འདུག ཧ་ཅང་ཡག་པོ་རེད། གཞན་བར་སྐབས་ཁ་ཤས་ཀྱི་མཐོང་ཚུལ་ལ་མཚན་ཉིད་བསླབ་བརྗོད་སྐབས་དགེ་ལུགས་རྐྱང་པས་བསླབ་དགོས་པ་ལྟ་བུའི་མཐོང་ཚུལ་ཡོང་བཞིན་འདུག
དགེ་ལུགས་པས་ཀླུ་སྒྲུབ་དང་ཟླ་བ་གྲགས་པ། སློབ་དཔོན་ཕྱོགས་གླང་། ཆོས་གྲགས་ཀྱི་གཞུང་དེ་ཚོ་ཧ་ཅང་བལྟ་གི་ཡོད། དེར་བརྟེན་ཕྱི་རྒྱལ་མི་ཤས་ཀྱིས་མགོན་པོ་ཀླུ་སྒྲུབ་དགེ་ལུགས་པ་རེད་ཅེས་དེ་འདྲ་བཤད་མཁན་བྱུང་ཡོད། དེ་ཚོའི་གྲས་མི་ཤེས་པའི་རྟགས་རེེད། ཕལ་སྐད་ནས་བརྗོད་ན། ལྐུགས་རྟགས་བསྟན་པ་རེད། ང་ཚོ་བོད་གངས་ཅན་ལྗོངས་ཀྱི་རྙིང་མར་ཆ་བཞག་ན། མཁན་ཆེན་ཞི་བ་འཚོ་ནས་མར་ཡོང་བ་རེད། ངེས་པར་དུ་ཚད་མའི་གཞུང་བལྟ་དགོས་རེད། མཁན་ཆེན་ཞི་བ་འཚོ་ཚད་མ་བ་ཧ་ཅང་རེད་འདུག great logician ཁོང་གིས་ཚད་མའི་གཞུང་བརྩམས་ཡོད། སློབ་གཉེར་དེ་ཚོའི་གྲས་ནི་མཁན་ཆེན་ཞི་བ་འཚོ་གཙོ་བོ་རེད། སློབ་དཔོན་རིན་པོ་ཆེ་གྲུབ་ཐོབ་ལྟ་བུ་བྱས་ནས་མཐུ་ནུས་ཧ་ཅང་ཆེན་པོ་ཡོད་རེད། གཞུང་འཁྲིད་རྒྱུ་དང་སྡོམ་པ་འབོགས་རྒྱུ་དེ་ཚོ་གཙོ་བོ་མཁན་ཆེན་ཞི་བ་འཚོས་གནང་བ་རེད། དེར་བརྟེན་རྙིང་མ་བ་ཚོ་མཁན་ཆེན་ཞི་བ་འཚོའི་རྗེས་འབྲངས་པ་རེད། ངེས་པར་དུ་ཚད་མའི་གཞུང་བལྟ་དགོས། དེ་ནས་བཀའ་བརྒྱུད་ལ་ཆ་བཞག་ན་མར་མི་དྭགས་གསུམ་ཞེས་གཙོ་བོ་མར་པ་རེད། མར་པའི་བླ་མ་རྗེ་མི་ཏྲི་པ་ལ་སོགས་མང་པོ་ཡོད་ནའང་གཙོ་བོ་དེ་ནཱ་རོ་པ་རེད། ནཱ་རོ་པ་ནཱ་ལནྡྲའི་མཁས་པ་ཆེན་པོ་རེད། ཁོང་མཚན་ཉིད་པ་རེད། ནཱ་ལནྡྲའི་གཞུང་སྦྱངས་པའི་མཁས་པ་ཞིག་རེད། ས་སྐྱ་ཆ་བཞག་ན་བིར་ལྦ་པ་རེད། བིར་ལྦ་པ་ནཱ་ལནྡྲར་བཞུགས་པའི་སྐབས་ལ་དྷརྨ་པཱ་ལ་ཞེས་གནས་བསྟན་ཆོས་སྐྱོང་ཟེར་བ་དེ་རེད། ནཱ་ལནྡྲའི་མཁས་པ་རེད། ཇོ་བོ་རྗེ་ནཱ་ལནྡྲའི་དྲའི་དགེ་འཛིན་ཡིན་པ་ཧ་ཅང་གིས་གསལ་པོ་རེད། དགེ་ལུགས་པ་རྒྱ་གར་མཁས་པ་དང་ཐད་ཀར་གཏུགས་མེད་ཀྱང་གང་ལྟར་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་དེ་ཚོ་གཙོ་བོ་བྱས་ནས་གནང་ཀྱི་ཡོད།
དེར་བརྟེན་བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་ཚང་མ་དངོས་ཡོད་གནས་ཚུལ་ལ་བལྟས་པ་ཡིན་ན་ཚང་མ་ནཱ་ལནྡྲ་ལ་གཏུགས་པ་ཤ་སྟག་རེད། ལོ་གཅིག་ཕལ་ཆེར་ཕ་རན་སི་ལ་ཡིན་པ་ཡོད། ངོས་ཀྱིས་ཆོས་ཚོགས་གཅིག་ལ་སྐད་ཆ་བཤད་རྗེས་ཁ་ལག་དུས་ཚོད་སྐབས་ཕྱི་གླིང་བུད་མེད་གཅིག་དང་སྐད་ཆ་བཤད་སྐབས། ༸རྒྱལ་བ་རིན་པོ་ཆེས་བོད་ཀྱི་སངས་རྒྱས་ཀྱི་ཆོས་འདི་ནཱ་ལེནྡྲ་ནས་བརྒྱུད་པ་རེད་ཅེས་གསུངས་པ་དེར་འགའ་ཤས་ཀྱིས་ཕྲན་བུ་མི་བདེ་བ་བྱེད་ཀྱི་འདུག ཅེས་བརྗོད་བྱུང་། བཀའ་བརྒྱུད་དང་རྙིང་མ་ནཱ་ལེནྡྲ་ལ་གཏུགས་མེད། ཅེས་བཤད་པ་དེ་དག་མ་ཤེས་པའི་རྟགས་རེད། ངོས་ཀྱིས་བརྗོད་པ་དེ་རེད། ཚང་མ་ནཱ་ལེནྡྲ་ལ་གཏུགས་པ་ཤ་སྟག་རེད། གང་ལྟར་ས་དགེ་བཀའ་རྙིང་ཚང་མས་ནཱ་ལནྡྲའི་མཁས་པའི་གཞུང་རྣམས་བལྟས་ནས་སློབ་སྦྱོང་བྱེད་དགོས་རེད་མ་གཏོགས། དེ་སྔ་ང་ཚོས་སློབ་སྦྱོང་བྱེད་ཀྱི་མེད། བླ་མའི་དྲུང་ནས་དབང་ཞུས། བྱིན་རླབས་ཞུས་པ་དེ་དག་གིས་འགྲིག་གི་ཡོད། ཅེས་བཤད་ན་བསམ་བློ་རྒྱ་ཆུང་དྲགས་པ་རེད། ཁྱེད་རང་ཚོ་ལ་དྭགས། དེའི་ནང་ནས་སླེ་ས་ཆ་ཆུང་ཆུང་ཞིག་ནང་བསམ་བློ་ཆུང་ཆུང་བཏང་ནས་དེ་ལྟར་བསྡད་ན་སྔ་མོ་ནས་ལོ་བརྒྱ་ཕྲག་མང་པོ་དེ་ལྟར་བྱས་ནས་ཕྱིན་པ་རེད། ད་ཆ་བསམ་བློ་འདིས་ཁུངས་འཁྱོལ་རྒྱུ་མ་རེད། འཛམ་གླིང་འདི་གང་འདྲ་ཞིག་འདུག། ནང་པའི་ཡུལ་གྲུ་ཁག་དེ་དག་གང་འདྲ་འདུག དེ་དག་ཚང་མ་མཐོང་བ་བྱེད་དགོས། ངོས་ལ་ཆ་བཞག་ན་སྔ་མོ་བོད་ལ་ཡོད་དུས་བསམ་བློ་གང་ཙམ་རྒྱ་ཆུང་ཆུང་ཡོད། དེ་ནས་རྒྱ་གར་དུ་སླེབས་ཏེ་འཛམ་གླིང་གང་སར་ཕྱིན་ནས་ཚན་རིག་པ་སོགས་མང་པོ་ཞིག་ཐུག་ཡོད་སྟབས། ངོས་ཀྱི་བསམ་བློ་ཏོག་ཙམ་རྒྱ་ཆེ་རུ་བཞིན་ཡོད།
ཁྱེད་རང་ཚོ་སྡོད་ས་ལ་དྭགས་ཡིན་ནའང་བསམ་བློ་དེ་འཛམ་གླིང་ལ་ཁྱབ་ཐུབ་པའི་བསམ་བློ་གཏོང་དགོས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་བསམ་བློ་བཏང་མ་ཐུབ་ནའང་ཁ་ཡོད་ལག་ཡོད་འཛམ་གླིང་འདིའི་སྟེང་བསམ་བློ་གཏོང་ཐུབ་པ་ཞིག་དགོས། ཤེས་སོང་ངམ། དེར་བརྟེན་དཔེ་ཆ་གཞུང་ཆེན་ཁག་བལྟ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་གཞུང་ཆེན་ཁག་བལྟ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འདི་བསམ་བློར་གཞག ཁྱེད་རང་ཚོའི་ལས་བསྡོམས་ནང་འདི་ལྟར་འདུག འདི་ཧ་ཅང་ཡག་པོ་རེད། གཞུང་ཆེན་མཚན་ཉིད་བལྟས་ན་དགེ་ལུགས་པ་རེད་ཟེར་རྒྱུ་འདྲ་བོ། དགེ་ལུགས་པ་ལའང་༸གོང་ས་ལྔ་པ་ཆེན་པོས་འདི་ལྟར་གསུང་ཡོད། གུར་ཀུམ་ཚོས་ཀྱིས་བཙོས་པའི་ལྭ་བའི་ཞྭས། རང་རིགས་བསྟན་པ་འཛིན་ན་ཆེས་ལེགས་ཀྱིས། ཕ་མེས་ལུང་དང་རྟོགས་པའི་ཁྱད་ནོར་ཚོགས། རྣམ་གཡེང་རྐུན་པོར་ཤོར་བའི་ལག་སྟོང་མང་། ཞེས་གསུངས་ཡོད།
ཞྭ་མོ་སེར་པོ་གྱོན་ནས་དགེ་ལུགས་ཡིན་ཁུལ་བྱས་ཀྱང་སློབ་གཉེར་མེད་ན་ལག་པ་སྟོང་པ་རེད། དེ་འདྲ་ཡིན་དུས་ཁྱེད་རང་ཚོ་དཔེ་ཆ་ཡག་པོ་ལྟོས་ཨང་། ཞེས་སོགས་ཀྱི་བཀའ་སློབ་སྩལ།།