༢༠༡༦ ཟླ་ ༨ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་འཆི་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སླེའི་ཉེ་ཁྲིས་སུ་ཆགས་པའི་ཁ་ཆེའི་སྒེར་གྱི་སློབ་གྲྭ་ Islamia Public School དང་། བཙུན་དགོན་ཐུབ་བསྟན་ཆོས་འཁོར་གླིང་། དེ་བཞིན་ཆུ་ཤོད་གོང་མར་ཁ་ཆེའི་ལྷ་ཁང་ Imam Baraབཅས་སུ་ཆིབས་སྒྱུར་བསྐྱངས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་༸གོང་ས་མཆོག་གི་བཞུགས་གནས་ཞི་བའི་ཚལ་ཕོ་བྲང་ནས་རྒྱང་ཐག་སྤྱི་ལེ་ ༦ ཙམ་གྱི་སར་ཆགས་པའི་ཁ་ཆེའི་སློབ་གྲྭར་༸ཞབས་སོར་འཁོད་རྗེས་མཛད་སྒོའི་ཐོག་མར་སློབ་གྲྭའི་དབུ་འཛིན་སྐུ་ཞབས་ཨབ་དུལ་ཀ་ཡུམ་ Dr. Abdul Kayum ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་སྐབས།
སློབ་གྲྭའི་སློབ་མ་གསུམ་ད་སྐབས་དཀྱིལ་ཤར་ཡུལ་གྲུ་ཨ་རབ་ཀྱི་ཇོར་དན་ Jordan རྒྱལ་ཁབ་ཀྱི་མཐོ་སློབ་ཞིག་ཏུ་སློབ་སྦྱོང་བྱེད་མུས་ཡིན་ཞིང་། སློབ་ཡོན་སོགས་ཀྱི་མཐུན་རྐྱེན་ཐོག་༸གོང་ས་མཆོག་ནས་མཐུན་འགྱུར་རོགས་རམ་བསྩལ་བར་བཀའ་དྲིན་ཆེ་ཞེས་སྙན་སྒྲོན་ཞུས། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་དང་སློབ་ཕྲུག་གི་དྲི་བར་བཀའ་ལན་སྩལ།དེ་ནས་སློབ་གྲྭའི་དབུ་འཛིན་གྱིས་སློབ་གྲྭའི་ངོས་ནས་༸གོང་ས་མཆོག་ལ་གཟེངས་རྟགས་ཞིག་དང་ཁ་ཆེའི་གསུང་རབ་ Quran ཞིག་འབུལ་ལམ་ཞུས་པ་དང་། སློབ་མ་ཁག་གཅིག་གིས་སྨོན་ལམ་གསུང་འདོན་གནང་། སློབ་གྲྭ་དེ་ནི་ཕྱི་ལོ་ ༡༩༣༠ ལོར་གསར་འཛུགས་གནང་བའི་སླེ་ཁུལ་གྱི་སློབ་གྲྭ་རྙིང་ཤོས་གྲས་ཤིག་ཡིན་པ་དང་། ས་གནས་འདྲ་མིན་དང་ཆོས་ལུགས་འདྲ་མིན་གྱི་ཕྲུ་གུ་གྲངས་ ༤༦༠ ཙམ་སློབ་སྦྱོང་བྱེད་བཞིན་འདུག ཐེངས་འདིར་དགེ་ལས་སློབ་མ་ ༦༠༠ ལྷག་བཅར་འདུག
དེ་ནས་ལ་དྭགས་ཆོས་མཛད་མའི་ཚོགས་པས་གསོལ་འདེབས་ཞུས་པ་བཞིན། སླེ་གནམ་ཐང་ཉེ་འཁྲིས་སྐ་རཱ་འོག་མར་ཆགས་པའི་བཙུན་དགོན་ཐུབ་བསྟན་ཆོས་འཁོར་གླིང་དུ་༸ཞབས་སོར་འཁོད་བསྟུན། ཚོགས་པའི་སྤྱི་ཁྱབ་འགན་འཛིན་བཙུན་མ་བསྟན་འཛིན་དཔལ་མོ་ལགས་ཀྱིས་རྟེན་འབྱུང་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་པའི་ནང་ཆོས་བརྒྱུད་རིས་མེད་ཀྱི་བཙུན་དགོན་ཁག་མཉམ་ཞུགས་ཀྱིས་སློབ་གཉེར་གནང་བཞིན་པར་བསྔགས་བརྗོད་མཛད་པ་དང་། སློབ་གཉེར་མེད་ན་ལག་པ་སྟོང་པ་རེད་ཅེས་བཀའ་བསྩལ་ཞིང་། ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཚང་མའི་བཙུན་མ་ཚོས་ཀྱང་གཞུང་ཆེན་ཁག་ལ་སློབ་གཉེར་གནང་དགོས་སྐོར་དང་། དེ་ཡང་སློབ་གཉེར་གནང་བའི་སྐབས་དགག་བཞག་སྤོང་གསུམ་གྱི་འགྲོ་སྟངས་དེ་གལ་ཆེན་པོ་ཡིན་པ། དེ་བཞིན་དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བཙུན་དགོན་ཁག་གི་བཙུན་མ་ཚོས་གཞུང་ཆེན་ཁག་ལ་སློབ་གཉེར་མཐར་ཕྱིན་པ་གནང་རྗེས་དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་མཛད་སྒོ་དང་པོ་དེ་ཡང་རིང་མིན་ཚོགས་འཆར་ཡོད་སྐོར་སོགས་བཀའ་སློབ་སྩལ།
ལ་དྭགས་ཆོས་མཛད་མའི་ཆོགས་པ་ཐོག་མར་གསར་འཛུགས་སྐབས། བཙུན་དགོན་ ༡༨ ལས་མེད་ཀྱང་། ད་ལྟའི་འཆར་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་བཙུན་དགོན་ཁག་ ༢༦ ཡོད་འདུག ༸གོང་ས་མཆོག་ལ་ཉིན་གུང་བཞུགས་གནས་ཕོ་བྲང་ནས་རྒྱང་ཐག་ཀི་ལོ་མི་ཊར་ ༩ ཙམ་གྱི་སར་ཆགས་པའི་ཆུ་ཤོད་གོང་མར་ཡོད་པའི་ཁ་ཆེའི་ཆོས་བརྒྱུད་ཤི་ཡའི་ལྷ་ཁང་ ཨི་མཱམ་བྷ་རཪ་ Imam Bara ཁ་ཆེའི་མང་ཚོགས་ཀྱིས་གུང་ཚིགས་གསོལ་སྟོན་འདེགས་འབུལ་ཞུས་ཡོད་འདུག སྐབས་དེར་སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས། ཁྲིག་རྩེ་མཁན་རིན་པོ་ཆེ་དང་། བ་ཀུ་ལ་མཆོག་སྤྲུལ་རིན་པོ་ཆེ། དེ་བཞིན་ཁ་ཆེའི་ཤི་ཡ་དང་སུན་ནིའི་ས་གནས་ཆོས་དཔོན་དང་། ས་གནས་ཀྱི་དཔོན་རིགས་སོགས་དང་མང་ཚོགས་བཅས་ཁྱོན་མི་གྲངས་ ༡༠༠༠ ཙམ་བཅར་ཡོད། གཞི་རྩའི་ལ་དྭགས་སླེ་ཁུལ་གྱི་ཁ་ཆེ་མི་འབོར་མང་ཤོས་ཆུ་ཤོད་གྲོང་གསེབ་ཏུ་ཡོད་པ་དང་ཁྱོན་མི་གྲངས་ ༥༠༠༠ མ་ཟིན་ཙམ་ཞིག་ཡོད་འདུག་པ་བཅས།།