༢༠༡༦ ཟླ་ ༨ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་འཆི་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁྲིག་རྩེ་དགོན་པར་དད་ལྡན་མང་ཚོགས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་དྲིན་སྩལ་ཡོད་པ་དང་། ཁྲིག་རྩེ་དགོན་ཡུལ་སྤྱིས་མགོན་པོ་གང་ཉིད་མཆོག་ལ་འཕགས་པ་གནས་བརྟན་ཕྱག་མཆོད་དང་འབྲེལ་བའི་མདོ་ལུགས་གནས་བཅུའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༡༥ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་བཀའ་དབང་གི་བསྒྲུབ་བཞག་མཛད་པའི་རིང་དེར། སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས། ཁྲིག་རྩེ་མཁན་རིན་པོ་ཆེ་དང་། གླིང་མཆོག་སྤྲུལ་རིན་པོ་ཆེ། བ་ཀུ་ལ་མཆོག་སྤྲུལ་རིན་པོ་ཆེ། དེ་བཞིན་མཁན་བླ་སྤྲུལ་རྣམ་པ་དང་། སེར་སྐྱ་མང་ཚོགས་རྣམས་ཀྱིས་རྒྱུན་ཕྱག་གསུམ་པ་དང་། ཤེས་རབ་སྙིང་པོ། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་སོགས་གསུང་འདོན་གནང་། དེ་རྗེས་༸གོང་ས་མཆོག་གིས་ཁ་སང་དབུ་འཛུགས་མཛད་པའི་བྱང་ཆུབ་ལམ་སྒྲོན་གྱི་བཤད་ལུང་འཕྲོ་སྐྱོང་མཛད་སྐབས། ནང་པ་སངས་རྒྱས་པའི་བསྟན་པ་ད་ལྟ་ཉག་ཕྲ་བ་ཞིག་གི་སྒང་ལ་སླེབས་ཡོད་པའི་སྐབས་འདིར་དབང་རྟུལ་དད་པའི་རྗེས་འབྲང་ཐོག་ཕྱིན་པ་ཡིན་ན། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་གནས་རྒྱུ་ཁག་པོ་ཡིན་པ་དང་། གལ་ཏེ་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཐོག་ཕྱིན་ན་བསྟན་པ་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་གནས་རྒྱུ་ཡིན་སྐོར་དང་། ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཚང་མས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་དགོས་པ་སོགས་ཀྱི་བཀའ་སློབ་སྩལ།
དེ་ནས་དེར་འདུས་པའི་སེར་སྐྱ་མང་ཚོགས་གྲངས་ ༧༠༠༠ བརྒལ་བར་བྱང་ཆུབ་སེམས་པའི་སྡོམ་པ་དང་། ཁྱིམ་པ་ཕོ་མོ་ཚོར་བསླབ་གཞི་ལྔ་འཛིན་པའི་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་སྩལ་ཡོད་པ་མ་ཟད། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་དྲིན་སྩལ་ཡོད།
སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྙིང་དོན། ཚེ་སྒྲུབ་གཙོ་བོ་འཕྲོད་བསྟེན་ལ་དོ་སྣང་དང་། ཟས་བཅུད་ཡག་པོ་བསྟེན་དགོས་པ། དེ་བཞིན་སེམས་ཞི་བདེ་བག་ཕེབས་ངང་གནས་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་དང་། སེམས་ཞི་བདེ་བག་ཕེབས་ཡོང་བར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་རྒྱུ་གལ་ཆེན་པོ་ཡིན་སྐོར་བཀའ་སློབ་ནན་མོ་སྩལ།
དེ་ནས་ཁྲིག་རྩེ་དགོན་ཡུལ་གཉིས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་འཕགས་པ་གནས་བརྟན་ཕྱག་མཆོད་དང་འབྲེལ་བའི་མདོ་ལུགས་གནས་བཅུའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། ཐེངས་འདིའི་ཁྲིག་རྩེ་དགོན་དུ་ཆོས་འབྲེལ་གྱི་མཛད་འཕྲིན་གྱི་མཐའ་མར་༸གོང་ས་མཆོག་གིས་ཁྲིག་རྩེ་མཁན་པོའི་སྐུ་ཚེའི་ལོ་རྒྱུས་ཀྱི་དཔེ་དེབ་ཞིག་དབུ་འབྱེད་མཛད་ཡོད་པ་བཅས།།