༢༠༡༦ ཟླ་ ༨ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །ལ་དྭགས་མངའ་རིས་ནང་ཆོས་རིགས་ལམ་སློབ་གཉེར་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་བཟང་པོ་ཐོབ་སྟེ། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ས་ཕུད་གྲོང་གསེབ་ཏུ་རྟེན་གཞི་བྱས་པའི་མངའ་རིས་ནང་ཆོས་རིགས་ལམ་སློབ་གཉེར་ཁང་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་བཀའ་དྲིན་བསྐྱངས་རྗེས་བཀའ་སློབ་སྩལ་དོན།
ངོས་ཀྱིས་ཁྲི་རིན་པོ་ཆེའི་དྲུང་ནས་གསུང་ཆོས་མང་པོ་ཞུས་ཡོད། ངོས་ཀྱི་བླ་མ་བཀའ་དྲིན་ཅན་ཆགས་བསྡད་ཡོད། དེ་རིང་འདིར་རིན་པོ་ཆེས་དབུ་བཞུགས་མཛད་ནས་གཙོ་ཆེན་དགེ་བཤེས་ལགས་ཀྱིས་ལས་བསྡོམས་ནང་བཤད་པ་བཞིན་དངོས་གནས་སེམས་ཁུར་བསྐྱེད་ནས་འགལ་རྐྱེན་དེ་འདྲ་འཕྲད་ཀྱི་ཡོད་ཀྱང་སེམས་ཤུགས་མ་ཆག་པར་ཧུར་ཐག་བྱས་པ་རེད། ཧ་ཅང་ཡག་པོ་བྱུང་འདུག འདིར་གཙོ་བོ་སློབ་སྦྱོང་གི་ཆེད་དུ་དམིགས་ནས་བཙུགས་པ་རེད། དམིགས་བསལ་དགའ་པོ་བྱུང། ཕྱོགས་གཅིག་ནས་འཛམ་གླིང་འདིའི་ནང་ཤེས་ཡོན་ཟེར་བ་འདི་ཧ་ཅང་གི་གལ་ཆེན་པོ་རེད། འཛམ་གླིང་ཤར་ནུབ་ལྷོ་བྱང་གང་དུ་ཡིན་ནའང་ཇི་ཙམ་གྱི་ཤེས་ཡོན་ཡར་རྒྱས་ཡོད་པའི་ཚོད་ཀྱིས་ལུང་པ་དེའང་ཡར་རྒྱས་འགྲོ་རྒྱུ་ཅིག་ཡོང་གི་ཡོད།
དེ་འདྲ་ཡིན་དུས་སྤྱིར་བཏང་ང་ཚོ་མི་ཚེ་སྐྱེལ་བའི་དོན་ལ་དུས་རབས་ཉེར་གཅིག་འདི་རྗེས་ཟིན་ཐུབ་པ་ལ་ཤེས་ཡོན་ཧ་ཅང་གལ་ཆེན་པོ་རེད། དེ་ནས་ལ་དྭགས་ཡུལ་གྲུ་སྤྱི་ཡོངས་ནས་བཤད་པ་ཡིན་ན། སངས་རྒྱས་པའི་ཆོས་ཡོད་པའི་ཡུལ་གྲུ་ཞིག་ཆགས་ཡོད། སངས་རྒྱས་པའི་ཆོས་འདི་ངོ་ཐོག་ལག་ལེན་ཡག་པོ་ཞིག་ཡོང་བར་མགོན་པོ་ཀླུ་སྒྲུབ་ཀྱིས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། བདེན་པ་གཉིས་ལ་ཡང་དག་བསྟན། འཇིག་རྟེན་ཀུན་རྫོབ་བདེན་པ་དང་། དམ་པའི་དོན་གྱི་བདེན་པའོ།
ཞེས་སངས་རྒྱས་ཀྱིས་ཆོས་གསུངས་པ་བཀའ་འགྱུར་པུ་ཏི་བརྒྱ་ཙམ་དེའི་དགོངས་འགྲེལ་བསྟན་འགྱུར་པུ་ཏི་ཉིས་བརྒྱ་ལྷག་ཙམ་ཡོད་པ་དེ་ཚོའི་བརྗོད་བྱ་སྙིང་པོ་དེ་བདེན་པ་གཉིས་ལས་བསྩམས་པའི་སངས་རྒྱས་ཆོས་ཀྱི་བསམ་བློ་གཏོང་སྟངས་དང་ཉམས་ལེན་བྱེད་སྟངས་གསུངས་ཀྱི་ཡོད།
དེ་འདྲ་ཡིན་དུས། གཞི་ཡི་གནས་ཚུལ་བདེན་གཉིས་ལེགས་རྟོགས་ཤིང་། བདེན་བཞིས་འཁོར་བ་འཇུག་ལྡོག་ཚུལ་བཞིན་བཞེས། ཚད་མས་གྲངས་པའི་སྐྱབས་གསུམ་དད་པ་བརྟན། མཐར་ལམ་རྩ་བ་ཚུགས་པ་བྱིན་གྱིས་སློབ། ཞེས་ངོས་ཀྱིས་གོང་དུ་དགེ་བཤེས་ལགས་ལ་འབོར་ཤོབ་དང་སྦྲགས་གང་འདྲ་ཞིག་བྲིས་འདུག ཅེས་ལབ་པ་ཡིན། ད་ངོ་ཐོག་འདི་རེད་པ། སངས་རྒྱས་པའི་ཆོས་ཟེར་བ་འདི་སྨོན་ལམ་བརྒྱབ་ནས་སྐྱབས་བསུ་མཆིའོ་ཟེར་བ་དང། སངས་རྒྱས་ལ་སྐྱབས་སུ་མཆིའོ། ཆོས་ལ་སྐྱབས་སུ་མཆིའོ། དགེ་འདུན་ལ་སྐྱབས་སུ་མཆིའོ། དེའི་སྒང་ལ་འཕར་མ་བླ་མ་ལ་སྐྱབས་སུ་མཆིའོ་ཟེར་བ་འདི་གཅིག་པོ་མ་རེད། སངས་རྒྱས། ཆོས། དགེ་འདུན་ཟེར་བ་འདི་གང་འདྲ་ཞིག་ཡིན་པ་ཤེས་དགོས་པ་རེད།
སངས་རྒྱས་ཆོས་དགེ་འདུན་ཟེར་བ་དེ་གང་འདྲ་ཞིག་ཡིན་པ་ཤེས་དགོས། སངས་རྒྱས་དང་དགེ་འདུན་གང་འདྲ་ཡིན་མིན་ཤེས་པར་ཆོས་དཀོན་མཆོག་ཤེས་དགོས་པ་རེད། ཆོས་དཀོན་མཆོག་ཟེར་བ་འདི་གཙོ་བོ་ང་རང་ཚོ་དཔེར་ན། བཀའ་འགྱུར་ནང་ལ་གཞུང་གཙོ་བོ་དེ་ཚོའི་གྲས་ཤེར་ཕྱིན་གྱི་གཞུང་དེ་ཚོ་རེད་འདུག། ཤེར་ཕྱིན་གྱི་གཞུང་དེ་ཚོའི་གྲས་ནང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གསུངས་པ་མ་གཏོགས་སྙིང་རྗེའི་ཕ་རོལ་དུ་ཕྱིན་པ། བྱམས་པའི་ཕ་རོལ་དུ་ཕྱིན་པ་གསུང་མེད། སྤྱིར་སྦྱིན་པ། ཚུལ་ཁྲིམས་། བཟོད་པ། བརྩོན་འགྲུས། བསམ་གཏན་བཅས་ཡོད། དེ་བཞིན་ཐབས་ཀྱི་ཆ། བྱམས་པ། སྙིང་རྗེ། བྱང་ཆུབ་ཀྱི་སེམས། བཅས་ཡོད་པ་དེ་དག་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད། འོན་ཀྱང་གཙོ་བོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གསུང་གི་འདུག། གང་ཡིན་བརྗོད་ན། ཤེས་རབ་ཟེར་བ་འདི། དུད་འགྲོ་ལ་ཤེས་རབ་ཕྲན་བུ་ཡོད་མདོག་ཁ་པོ་རེད། འོན་ཀྱང་ང་ཚོ་མི་ལ་ཀླད་པ་མི་འདྲ་བ་ཞིག་ཡོད། ཀླད་པ་མི་འདྲ་བ་ཞིག་ཡོད་པའི་རྐྱེན་གྱིས་རྙོག་གྲ་བཟོ་བའི་རྐྱེན་ཡང་ཆགས་བཞིན་ཡོད།
འཛམ་གླིང་འདིའི་སྒང་ལ་སྲོག་ཆགས་རིགས་འདྲ་མིན་ཁྲི་ཕྲག་འབུམ་ཕྲག་མང་པོ་ཡོད་རེད། དེའི་ནང་ནས་རྙོག་གྲ་བཟོ་མཁན་སྡུག་ཤོས་མི་རེད་འདུག། དེ་འདྲ་ཡིན་དུས་ང་རང་ཚོས་མིའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཟེར་བ་ཞིག་ཡོད་པ་དེས་ཡག་པོ་གཅིག་གི་སྒང་ལ་འགྲོ་མ་ཐུབ་ན་རྙོག་གྲ་བཟོ་མཁན། ཡག་པོ་གཅིག་གི་སྒང་ལ་འགྲོ་ཐུབ་ན་དངོས་གནས་ཕན་བདེ་རླབས་ཆེན་པོ་ཞིག་བསྒྲུབ་ཐུབ་པ་ཡོང་གི་ཡོད་རེད། དེ་འདྲ་ཡིན་དུས་ཤེས་རབ་འདི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། དེང་སང་གི་འཛམ་གླིང་འདིའི་སྒང་ལ་ད་ལྟ་ཡོད་དང་ཡོད་བཞིན་པའི་དེང་རབས་ཤེས་ཡོན་ Modern Education ཟེར་བ་འདིས་འདང་གི་མི་འདུག ཅེས་ཤེས་ཡོན་ཅན་མང་པོ་ཞིག་གིས་བཤད་གྱི་འདུག། ཕྱོགས་མཚུངས་ཚན་རིག་པ་ཚོས་ཀྱང་ད་ལྟ་ཡོད་དང་ཡོད་བཞིན་པའི་ཤེས་ཡོན་འདིས་ཕྱི་དངོས་པོ་ཡར་རྒྱས་དང་ལུས་པོའི་བདེ་ཐང་སྐོར་གཙོ་བོ་རེད།
དེ་འདྲ་ཡིན་དུས་གང་ལྟར་ནང་སེམས་ཀྱི་ཞི་བདེ་ཡོང་བ་ལ་ད་ལྟ་ཡོད་བཞིན་པའི་ཤེས་ཡོན་འདིས་འདང་གི་མི་འདུག་ཅེས་མང་པོས་བཤད་ཀྱི་འདུག། དེར་བརྟེན་དེ་སྔ་ཕན་ཆད་དཔེར་ན་དམིགས་བསལ་ཆོས་ཕྱོགས་ཐོག་ལ་དོ་སྣང་མ་བྱས་པར་རིས་མེད་ཤེས་ཡོན་ Secular education ཞེས་པ་དེའི་ཐོག་ནས་འགྲོ་མཁན་ཚོས་ཀྱང་ནང་སེམས་རྒྱུད་དང་ཞི་བདེ་ཡོང་བ་ལ་ཆ་རྐྱེན་གཅིག་ཚང་གི་མི་འདུག་ཅེས་མཐོང་བསྡད་ཡོད། དེ་འདྲ་ཡིན་དུས། དེ་རིང་ཁ་སང་ཨ་རིའི་ནང་ལ་ཡིན་ནའང་རེད། ཡུ་རོབ་ནང་ལ་ཡིན་ནའང་རེད། རྒྱ་གར་རྒྱ་ཐང་ལ་ཡིན་ནའང་རེད། ང་ཚོ་ད་ལྟ་ཡོད་དང་ཡོད་བཞིན་པའི་ཤེས་ཡོན་འདིའི་ནང་ལ་ནང་སེམས་ཀྱི་ཞི་བདེ་བསྒྲུབ་རྒྱུ། དེ་འདྲའི་ཤེས་ཡོན་ཅིག་ཡོང་དགོས་ཀྱི་འདུག་ཅེས་དེ་གང་འདྲ་བྱེད་ནས་བཟོ་དགོས་ཞེས་མཁས་པ་མང་པོས་གོ་བསྡུར་བྱེད་ཀྱི་ཡོད། དཔེར་ན། ཉེ་ཆར་ངོས་རང་ཨ་རིའི་ནང་གི་ས་གནས་མང་པོ་ཞིག་ལ་ཕྱིན་པ་རེད། གང་ལྟར་ཨ་རིའི་ནང་ལ་གྲོང་ཁྱེར་ཁ་ཤས་ཀྱིས་འདས་པའི་ལོ་འགའ་ཤས་ནང་ལ་ཁོང་ཚོའི་གྲོང་ཁྱེར་གྱི་མིང་ལ་སྙིང་རྗེའི་གྲོང་ཁྱེར། བྱམས་པའི་གྲོང་ཁྱེར་ཞེས་མིང་བཏགས་འདུག དེ་འདྲ་ཡིན་དུས། སྤྱིར་ཆོས་དད་ཡོད་ནའང་རེད། མེད་ནའང་རེད།
ང་རང་ཚོ་ཚང་མས་མི་ལ་ལྷན་སྐྱེས་ཀྱིས་ཐོག་མར་མའི་མངལ་ནས་བཙས་མ་ཐག་ཏུ་མའི་བྱམས་བརྩེས་བསྐྱངས་བསྡད་ཡོད་རེད། བུ་ཕྲུག་ངོས་ནས་ཆ་བཞག་ནའང་སྐྱེས་མ་ཐག་ཏུ་ལམ་སང་མར་བརྩེ་བ་བྱེད་ཡག་གཅིག་ཡོང་གི་ཡོད། འདི་མིའི་ལྷན་སྐྱེས་ཀྱི་འགྲོ་སྟངས་ཤིག་ཆགས་བསྡད་ཡོད་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།