༢༠༡༦ ཟླ་ ༨ ཚེས་ ༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་མགོན་པོ་གང་ཉིད་མཆོག་གིས་ས་ཕུད་གྲོང་གསེབ་ཏུ་རྟེན་གཞི་བྱས་པའི་མངའ་རིས་ནང་ཆོས་རིགས་ལམ་སློབ་གཉེར་ཁང་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་བཀའ་དྲིན་བསྐྱངས་རྗེས། ས་ཕུད་ནས་སྤྱི་ལེ་ ༡༨ ཙམ་གྱི་སར་ཆགས་པའི་ཏོག་གྲོང་གསེབ་ཏུ་སིདྡཱར་ཐ་འབྲིང་རིམ་སློབ་གྲྭར་ Siddhartha High School ཆིབས་སྒྱུར་བསྐྱངས་ཏེ་དགེ་ལས་སློབ་མ་ཁྱོན་གྲངས་ ༤༠༠ ལྷག་ལ་བཀའ་སློབ་སྩལ། དེ་རྗེས་ཏོག་གྲོང་གསེབ་ཀྱི་ལ་དྭགས་དམག་ཟུར་ཚོགས་པ། ལྷག་བསམ་ཚོགས་པས་གསོལ་འདེབས་ཞུས་པ་བཞིན། གྲོང་གསེབ་ཀྱི་དབུས་སུ་གསར་བཞེངས་ལེགས་གྲུབ་བྱུང་བའི་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་མཐོ་ཚད་ཕི་ཊི་ ༧༡ ཅན་ཞིག་ལ་རབ་གནས་བཀའ་དྲིན་བསྐྱངས་པ་དང་སྦྲགས། དེར་འདུས་པའི་ས་གནས་མང་ཚོགས་ཆིག་སྟོང་ཙམ་ལ་བཀའ་སློབ་སྩལ་དོན།
བསྐལ་བཟང་སངས་རྒྱས་སྟོང་གི་ནང་ནས་པདྨ་དཀར་པོ་ལྟར་མངོན་པར་འཕགས་པ་མཉམ་མེད་ཤཱཀྱ་སེངྒེ། སྟོན་པ་བྱུང་ནས་ཕལ་ཆེར་ལོ་ངོ་ ༢༦༠༠ ལྷག་ཙམ་རེད་དེ། སྟོན་པ་འདིའི་བསྟན་པ་ད་ལྟ་འཛམ་གླིང་འདིའི་སྟེང་ནང་པའི་ཡུལ་གྲུ་མང་པོའི་ནང་བསྟན་པ་འདི་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་བསྟན་པ་གནས་བཞིན་པ་ཡིན་པ་འདི་ལྟར་རེད། འདི་ལྟ་བུའི་གནས་སྟངས་འོག་ནས་འདིར་སྟོན་པའི་སྣང་བརྙན་ངོ་མཚར་ཅན་ཞིག་ཁྱེད་རང་ཚོས་གསར་བཞེངས་གནང་ཡོད། འདི་དག་བཞེངས་པའི་དགོས་པ་དང་རྒྱུ་མཚན། ཀུན་སློང་དེ་དག་རྒན་ལགས་ཀྱིས་འགྲེལ་བཤད་སྐྱོན་བྱས་ཧ་ཅང་ཡག་པོ་བྱུང་འདུག ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། རྗེས་སུ་ཡི་རང་ཡོད།
འདིར་སྟོན་པའི་སྐུ་བཞེངས་ཆེད་ཁྱེད་རང་ཚོ་མཐུན་རྐྱེན་སྒྲུབ་མཁན་སྦྱིན་བདག་རྣམ་པ་དང་། ཁྱེད་རང་ཚོ་དམག་ཟུར་དེ་འདྲ་གང་ཙམ་ཡོད་ས་རེད། ནམ་རྒྱུན་ངོས་ཀྱི་འདི་ལྟར་མཐོང་བཞིན་འདུག རྒྱ་གར་གྱི་དམག་གི་མང་པོས་ཕྱི་ནས་དམག་ཆས་སྤྲས་ཡོད་ཀྱང་སེམས་ནང་ཆོས་ཕྱོགས་ཀྱི་ཐོག་ནས་དྲི་བ་འདྲི་མཁན་ཧ་ཅང་མང་པོ་ཞིག་ཡོང་བཞིན་འདུག འདི་གར་ཆ་བཞག་ནའང་ཁྱེད་རང་ཚོ་དམག་ཟུར་ཚོས་རང་གི་རྒྱལ་ཁབ་དོན་དུ་དཀའ་ལས་བརྒྱབ། དེ་ནས་ཡར་རྒས་ཏེ་སྟོན་པ་ཐུབ་པའི་དབང་པོའི་སྣང་བརྙན་བཞེངས་རྒྱུའི་ཐོག་ཁྱེད་རང་ཚོས་མཐུན་རྐྱེན་གནང་བར་རྗེས་སུ་ཡི་རང་ཡོད། ཧ་ཅང་ཡག་པོ་བྱུང་འདུག ཐུགས་རྗེ་ཆེ།
འཛམ་གླིང་འདིའི་སྟེང་བྱམས་པ་དང་སྙིང་རྗེ་རྩ་བར་གྱུར་པའི་ཆོས་ཀྱི་ཚུལ་དེ་འདྲའི་བླངས་དོར་གྱི་གནས་སྟོན་མཁན་སྟོན་པ་མང་པོ་བྱུང་ཡོད། སྟོན་པ་དེ་དག་གིས་བསླབ་བྱ་ནི་སེམས་རྒྱུད་དུལ་དགོས་རྒྱུ་དང་། སེམས་རྒྱུད་བཟང་པོ་བྱེད་དགོས་རྒྱུ་ཚང་མ་གཅིག་གྱུར་རེད་འདུག སེམས་རྒྱུད་དུལ་བ་དང་བཟང་པོ་བྱེད་དགོས་རྒྱུའི་རྒྱུ་མཚན་དུ་ལྟ་གྲུབ་མི་འདྲ་བ་ཡོང་བཞིན་ཡོད།
འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་དཔེར་ན། ཛོ་ར་ཛོ་དིན་དང་། གྲངས་ཅན་པ། གཅེར་བུ་བ། འཇིའུ། ཁ་ཆེ། ཡེ་ཤུ། ནང་པ་སངས་རྒྱས་པའི་ཆོས། སིཀ་བཅས་ཚང་མས་སེམས་རྒྱུད་དུལ་དགོས་པ་གསུང་མཁན་གཅིག་མཚུངས་ཡིན། ཆོས་ལུགས་མང་པོ་ཞིག་གིས་འཇིག་རྟེན་བཀོད་པ་པོ་ཞལ་གྱི་བཞེས་ཀྱི་ཡོད། གཅེར་བུ་བ་དང་ནང་པ། གྲངས་ཅན་ལྷ་མེད་པ་དེ་དག་གིས་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་མེད། ལྟ་གྲུབ་ཐོག་ནས་མི་འདྲ་བ་མང་པོ་ཡོད། སངས་རྒྱས་པའི་ཆོས་ལུགས་ཀྱི་ལྟ་གྲུབ་ཀྱིས་འཇིག་རྟེན་བཀོད་པ་པོ་ཡང་མི་འདོད་པ་དང་། ཕུང་པོ་ལས་དོན་གཞན་པའི་བདག་ཀྱང་མི་འདོད་པ་དེ་འདྲ་ཆགས་ཡོད་སྟབས། འདི་མི་འདྲ་བ་ཞིག་ཆགས་ཡོད། སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་ནས་འདི་ལྟར་གསུང་ཡོད།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་དབུས་སུ་གནས་པར་བྱ། །ཞེས་གསུངས་འདུག
དེར་བརྟེན་དེའི་ཚེ་དེའི་དུས་རྒྱ་གར་འཕགས་པའི་ཡུལ་དུ་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་། གཅེར་བུ་བ་ལྟ་བུ་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་ཡིན་ནའང་བདག་འདོད་ཀྱི་ཡོད་སྟབས། སངས་རྒྱས་ཀྱི་ཆོས་མ་གཏོགས་ཆོས་ལུགས་ཚང་མས་ཕུང་པོ་ལས་དོན་གཞན་པའི་བདག་མི་འདོད། དེ་འདྲ་ཡིན་དུས་བཅོམ་ལྡན་འདས་ཀྱིས་གསུང་པ་དེར་ཚང་མས་ཡ་མཚན་སྐྱེ་རྒྱུ་བཟོ་འདྲ་བོ་དང་། བློར་མ་གཤོང་བ་ཡོད་པ་ཡིན་དུས་སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །ཞེས་རེ་ཞིག་གསུང་རྒྱུ་མིན་ཞེས་བཞུགས་འདུག
དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་མ་གསུང་བར་ཞག་པོ་བཞི་བཅུ་ཞེ་གྲངས་དེ་ལྟར་བཞུགས་ཏེ་ས་ག་ཟླ་བའི་ཚེས་བཅོ་ལྔར་མངོན་པར་རྫོགས་པ་སངས་རྒྱས་པའི་མཛད་པ་མཛད། དེ་ནས་ཟླ་བ་ལྔ་པ་ཕྱིན་ཟླ་བ་དྲུག་པའི་ཚེས་བཞི་ཉིན་ཡུལ་ཝ་ར་ཎ་སིར་འཁོར་ལྔ་སྡེ་ལ་སོགས་པས་གཞི་ནས་སངས་རྒྱས་བཅོམ་ལྡན་འདས་ལ་ངོ་མཚར་སྐྱེས་ནས་སྡོད་མཁན་གང་ཙམ་ཡོང་བའི་སྐབས་སུ་བདེན་བཞིའི་ཆོས་འཁོར་གསུངས་འདུག བདེན་བཞི་གསུངས་ནས་ང་རང་ཚོར་སྡུག་བསྔལ་དང་། འདོད་པའི་བདེ་བ། གཏན་དུ་བདེ་བ། སྡུག་བསྔལ་ནི་དོར་བྱ་རེད། སྡུག་བསྔལ་གཏན་དུ་སྤངས་པ་འདི་ང་ཚོས་བླང་བྱ་རེད། བླང་དོར་གྱི་གནས་འདི་ལྟར་གསུངས་ནས་དེ་ཡང་བཅོམ་ལྡན་འདས་ཀྱིས་བདག་མེད་པ་གསུངས་ནས་བཅོམ་ལྡན་འདས་ཀྱི་ཐུན་མོང་མ་ཡིན་པའི་ལྟ་གྲུབ་གང་རེད་བརྗོད་པ་ཡིན་ན། རྟེན་ཅིང་འབྲེལ་བ་འབྱུང་བ་འདི་གསུངས། དེ་འདྲ་ཡིན་དུས་སྐབས་འདིར་ Pratītyasamutpāda ཟེར་རྒྱུའི་དོན་དག་ནི་རྒྱུ་འབྲས་ཀྱི་རྟེན་འབྱུང་སྟེང་ནས་གསུངས་པ་རེད། དེ་འདྲ་ཡིན་དུས་འབྲས་བུ་སྡུག་བསྔལ་བདེན་པ། དེའི་རྒྱུ་ཀུན་འབྱུང་བདེན་པ། སྡུག་བསྔལ་སྤངས་པའི་བྲལ་བ་དེ་ཐོབ་བྱ་འབྲས་བུར་བཞག དེའི་ཐོབ་བྱེད་ཀྱི་རྒྱུ་ལམ་བདེན་ཞེས་གསུངས་འདུག
དེ་ནས་བཅོམ་ལྡན་འདས་ཀྱི་གདུལ་བྱ་ཚོས་གཞི་ནས་རྟེན་འབྱུང་ཟེར་རྒྱུ་དེར་དོ་སྣང་ལྟ་བུ་སླེབས་ནས་གོ་བ་ལོན་སྐབས། རྟེན་ནས་བཏགས་པའི་རྟེན་འབྱུང་ཞེས་པ་དང་། རྟེན་འབྱུང་གི་དེ་ཁོ་ན་ཉིད་ཟེར་བ་དེ་འདི་ཡུལ་བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གྱི་གཞུང་དེ་གསུངས་ནས་སྟོང་པ་ཉིད་ཀྱི་ལྟ་བ་འདི་གཙོ་བོར་བྱས་ནས་གསུངས་པ་རེད། འཁོར་ལོ་དང་པོའི་སྐབས་སུ་རྒྱུ་འབྲས་ཀྱི་རྟེན་འབྱུང་གསུངས་པ་རེད། འཁོར་ལོ་བར་པའི་སྐབས་སུ་བརྟེན་ནས་བཏགས་པའི་རྟེན་འབྱུང་གསུངས་པ་རེད། འཁོར་ལོ་གསུམ་པའི་སྐབས་སུ་ཡུལ་སྟོང་པ་ཉིད་སྒོམ་བྱེད་ཀྱི་བློ་ཡུལ་གྱི་འོད་ཟེར་དང་ཡུལ་ཅན་གྱི་འོད་ཟེར་ཞེས་གཉིས་ཡོང་གི་ཡོད། ཡུལ་ཅན་གྱི་འོད་ཟེར་སྐོར་ནི་འཁོར་ལོ་གསུམ་པའི་སྐབས་སུ་ཞིབ་ཕྲ་གསུངས་པ་ཞིག་རེད་འདུག དེར་བརྟེན་སངས་རྒྱས་བཅོམ་ལྡན་འདས་ནི་སྟོན་པ་འདྲ་འདྲའི་ནང་ནས་འགྲེལ་བཤད་ཧ་ཅང་བསྐྱོན་མཁན་ཞིག་ཆགས་འདུག
བཅོམ་ལྡན་འདས་ཀྱི་གསུང་ལ་སློབ་སྦྱོང་གནང་མཁན་གྱི་རྒྱ་གར་མཁས་པ་ཚོས་རྟོན་པ་བཞིའི་རྣམ་གཞག་གསུང་གི་འདུག གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ། ཆོས་དེ་ཡང་ཚིག་ལ་མི་རྟོན་དོན་ལ་རྟོན། ། དོན་དེ་ཡང་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། ། ངེས་སྟོན་དེ་ཡང་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན། ཞེས་རྟོན་པ་བཞིའི་རྣམ་གཞག་གསུང་གི་འདུག དེ་འདྲ་ཡིན་དུས་སངས་རྒྱས་བཅོམ་ལྡན་འདས་ལ་དད་པ་བྱེད་མཁན་ཚོས་བཅོམ་ལྡན་འདས་ཀྱིས་རང་གི་གདུལ་བྱ་ལ་རྫུ་འཕྲུལ་སྟོན་ནས་བསྐྱབ་ཀྱི་ཡིན། ངས་ཐུགས་རྗེའི་བྱིན་རླབས་ཀྱི་ཐོག་ནས་བསྐྱབ་ཀྱི་ཡིན་ཞེས་གསུང་མེད། བདག་ཉིད་བདག་གི་མགོན། ཞེས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་པ་ཚོར་བཅོམ་ལྡན་འདས་ཀྱིས་སོ་སོའི་མགོན་སྐྱབས་ནི་སོ་སོ་རེད། སོ་སོའི་མགོན་སྐྱབས་སོ་སོ་ཡིན་དུས་སོ་སོས་སོ་སོར་མགོན་སྐྱབས་ཇི་ལྟར་བྱེད་དགོས་ཞེས་ན། བློ་མ་འདུལ་བ་དེ་དུལ་བ་བྱེད། མ་ཞི་བ་དེ་ཞི་བར་བྱས་ནས་དེ་འདྲའི་ཐོག་ནས་རང་ཉིད་སྡུག་བསྔལ་ལས་ཐར་བ་བྱེད་དགོས། ཅེས་གསུངས་འདུག དེར་བརྟེན། སྡིག་པ་ཅི་ཡང་མི་བྱ་ཞིང་།།དགེ་བ་ཕུན་སུམ་ཚོགས་པར་སྤྱད།།རང་གི་སེམས་ནི་ཡོངས་སུ་འདུལ།།འདི་ནི་སངས་རྒྱས་བསྟན་པ་ཡིན།།ཞེས་འདི་གསུངས་པ་རེད། དེར་བརྟེན་སྟོན་པ་བཅོམ་ལྡན་འདས་ཀྱི་སྣང་བརྙན་བསམ་གྱིས་མི་ཁྱབ་པ་ཡོད་པ་འདི་དྲན་གསོ་བཏང་ནས་སངས་རྒྱས་ཀྱི་གསུང་ལ་སློབ་སྦྱོང་བྱ་རྒྱུར་དོ་སྣང་བྱེད་དགོས། སངས་རྒྱས་ཀྱི་གསུང་དང་། དཔལ་ནཱ་ལེནྡྲའི་ཀླུ་སྒྲུབ་དང་ཐོགས་མེད་སྐུ་མཆེད། སློབ་དཔོན་ཕྱོགས་གླང་ཡབ་སྲས་དེ་ཚོའི་གྲས་ཀྱིས་ཤེས་ཡོན་རང་གི་ཐོག་གནས་ཚུལ་མང་པོ་ཞིག་གསུངས་འདུག་པ་དེ་ཚོ་ང་ཚོས་སློབ་སྦྱོང་བྱེད་དགོས།
ངོས་ཀྱིས་ནམ་རྒྱུན་འདི་ལྟར་བརྗོད་ཀྱི་ཡོད། བཀའ་འགྱུར་བསྟན་འགྱུར་ཟེར་རྒྱུ་འདི་སྨོན་ལམ་བརྒྱག་རྒྱུའི་ཡུལ་ལ་མ་བཞག་པར་བཀའ་འགྱུར་བསྟན་འགྱུར་འདི་སློབ་དེབ་ཡིན་བསམས་པའི་ཐོག་ནས་སློབ་སྦྱོང་བྱེད་དགོས། གློ་བུར་དུ་བཀའ་འགྱུར་བསྟན་འགྱུར་ཀློག་ནས་སློབ་སྦྱོང་བྱེད་རྒྱུ་ཁག་པོ་རེད། སྔོན་ལ་བཀའ་འགྱུར་གྱི་དོན་དག་བསྟན་འགྱུར་ནང་འགྲེལ་བ་རྒྱས་པ་དང་བསྡུས་པ་མང་པོ་ཡོད་པ་དེ་དག་དང་། རྒྱ་གར་མཁས་པས་མཛད་པའི་བསྟན་འགྱུར་གྱི་གཞུང་ནང་འགྲེལ་བ་དང་ཡང་འགྲེལ་དེ་འདྲ་བོད་ཀྱི་མཁས་པ་ཚོས་མཛད་པ་མང་པོ་ཡོད་པ་བལྟ་དགོས། གང་ལྟར་རྩ་བ་སྟོན་པ་བཅོམ་ལྡན་འདས་ཀྱིས་བཀའ་བཀའ་འགྱུར་དང་། དེའི་འགྲེལ་བ་རྒྱ་གར་མཁས་པས་མཛད་པའི་བསྟན་འགྱུར། དེའི་དགོངས་འགྲེལ་བོད་གངས་ཅན་པའི་མཁས་པ་ཚོས་མཛད་པའི་གཞུང་མང་པོ་ཡོད་པ་དེ་དག་བལྟས། དེ་དག་ལྡེ་མིག་བཟོ་འདྲ་བོ་བྱས་ནས་གཙོ་བོ་བསྟན་འགྱུར་ནང་ཡོད་པའི་རྒྱ་གར་མཁས་པའི་གཞུང་དེ་ཚོའི་གྲས་སློབ་སྦྱོང་བྱས་ནས་ཤེས་ཐུབ་པ་ཞིག་དང་། དེ་ནས་མདོ་རང་ལ་གཏུགས་ནས་ཤེས་ཐུབ་པ་ཞིག་དགོས་རེད། མཁྱེན་སོང་ངམ། མདོའི་བསྟན་འགྱུར་དང་མ་འབྲེལ་བའི་ཞིག་བོད་ཀྱི་མཁས་པས་མཛད་པ་ཡོད་ནའང་བཀའ་དྲིན་ཆེན་པོ་རེད། གང་ཟག་བྱེ་བྲག་པར་ལྟོས་ནས་མཛད་པ་རེད། ཧ་ཅང་ཡག་པོ་རེད། འོན་ཀྱང་གོང་དུས་ངོས་ཀྱིས་བརྗོད་པ་ལྟར་བསྟན་པ་སྤྱི་ཚན་ཐོག་ནས་ཕྱིན་པ་ཡིན་ན། དེ་ཚོའི་གྲས་རྒྱ་ཆུང་ངུ་ཆགས་འགྲོ་གི་འདུག ཐུགས་རྗེ།།