༢༠༡༦ ཟླ་ ༨ ཚེས་ ༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༨ ཉིན་གྱི་སྔ་དྲོ་རྡ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་ཨ་རིའི་རོགས་ཚོགས་ USAID ཞེས་པ་དེའི་ཆེད་གཉེར་དོན་གཅོད་སྐུ་ཞབས་ཇོ་ན་ཐན་ཨེ་ཌེལ་ཊོན་Mr Jonathan Addleton ལགས་ཀྱིས། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་རོགས་དངུལ་སྟངས་འཛིན་གནང་ཕྱོགས་དང་འཕྲོད་བསྟེན་ལས་གཞི་ལག་བསྟར་གནང་ཕྱོགས་ཐད་ལེགས་གསོལ་ཕྱག་འཁྱེར་ཞིག་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ལ་ཕུལ་བ་བརྒྱུད། བཙན་བྱོལ་བོད་མིའི་འཕྲོད་བསྟེན་ལས་གཞིའི་ནུས་པ་རྒྱ་སྐྱེད་ཇི་ལྟར་གཏོང་དགོས་པའི་ཉམས་ཞིབ་སྙན་ཐོ་དང་སྦྲགས། འབྱུང་འགྱུར་བོད་མི་གནས་སྡོད་ས་ཁུལ་ཁག་ཏུ་འཕྲོད་བསྟེན་ལས་གཞིའི་ནུས་པ་རྒྱ་སྐྱེད་ཐོག་ལས་གཞི་གསར་པ་ལག་བསྟར་གནང་རྒྱུའི་མཛད་སྒོ་དབུ་འབྱེད་གནང་འདུག
སྐབས་དེར་སྐུ་ཞབས་ཇོ་ན་ཐན་ཨེ་ཌེལ་ཊོན་ལགས་ཀྱིས། ཐེངས་འདིར་ཕྱག་འཁྱེར་འདི་ནི་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་འཕྲོད་བསྟེན་ལས་གཞི་ལག་བསྟར་གང་ལེགས་གནང་བ་དེར་ངོས་འཛིན་ཞུས་པ་ཞིག་མཚོན་པ་ཙམ་མ་ཟད། འབྱུང་འགྱུར་ཡང་ཨ་རིའི་རོགས་ཚོགས་ཀྱིས་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་དང་འཕྲོད་བསྟེན་དེ་བཞིན་དཔལ་འབྱོར་བཅས་ཀྱི་གནས་སྟངས་ཐོག་མཐུན་འགྱུར་རོགས་རམ་མུ་མཐུད་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསལ་སྟོན་བྱས་པ་ཞིག་ཡིན། ཞེས་གསུངས།
ཕྱོགས་མཚུངས་ཁོང་ནས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གསར་གཏོད་གནང་བའི་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་དེར་བསྔགས་བརྗོད་གནང་བ་དང་སྦྲགས། ལས་གཞི་དེས་འོག་བོད་མི་ཚོར་ནད་མནར་སྐབས་སྨན་རིན་ཧ་ཅང་ཆེན་པོ་དེ་འདྲ་སྤྲོད་མ་ཐུབ་པའི་དཀའ་ངལ་རྣམས་སེལ་ནས་འཁྲོད་བསྟེན་ཆེད་འགྲོ་སོང་གཏོང་རྒྱུར་དཔལ་འབྱོར་གྱི་རང་ཁ་རང་གསོ་ཡོང་བར་ཕན་ཐོགས་བྱུང་ཡོད། དེ་འདྲའི་མཐུན་རྐྱེན་ནི་བོད་མི་ཚོར་ངེས་པར་དུ་ཐོབ་དགོས་པ་ཞིག་དང་ཐོབ་འོས་པ་ཞིག་ཀྱང་རེད། ཅེས་གསུངས།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རོགས་ཚོགས་ཀྱིས་མཐུན་འགྱུར་རོགས་རམ་བསྟུད་མར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ལེགས་གསོལ་གྱི་གཟེངས་རྟགས་གནང་བ་དེས་ལས་བྱེད་རྣམས་ལ་དམིགས་བསལ་གྱིས་སེམས་འགུལ་ཐེབས་ངེས་ཡིན་སྐོར་དང་། ཐེངས་འདིར་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་དོན་སྤེལ་ཕྱོགས་ཐད་ཕྱིའི་ཚོགས་པ་ནས་ལེགས་གསོལ་བསྔགས་བརྗོད་ཐོབ་པ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ནས་ཐོག་མ་ཆགས་ཡོད་པ་དང་། ལྷག་པར་ཕྱག་འཁྱེར་དེ་ཡང་སྐུ་ཞབས་ཇོ་ན་ཐན་ཨེ་ཌེལ་ཊོན་ལགས་ལྟ་བུའི་ཕྱག་ནས་ཐོབ་པ་དེ་ནི་བོད་མིའི་སྒྲིག་འཛུགས་སྤྱི་དང་ལྷག་པར་འཕྲོད་བསྟེན་ལས་ཁུངས་ཀྱིས་ཧ་ཅང་གནད་འགག་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཅེས་གསུངས།
ཕྱོགས་མཚུངས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ངོ་སྤྲོད་དང་སྦྲགས། ད་ལྟའི་ཆར་ལས་གཞི་ཇི་འདྲ་སྤེལ་བཞིན་ཡོད་སྐོར་མདོར་ཙམ་ངོ་སྤྲོད་ཞུས། ལྷག་པར་འཕྲོད་བསྟེན་ལས་ཁུངས་ནས་སྤྱི་ཡོངས་བོད་མིའི་འཕྲོད་བསྟེན་གོང་མཐོར་སྤེལ་ཆེད་ནད་གཞི་སྔོན་འགོག་སྐོར་གོ་རྟོགས་ལས་འགུལ་རྒྱ་གང་ཆེ་སྤེལ་རྒྱུ་ཧ་ཅང་གལ་ཆེ་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད་སྐོར་གསུངས།
ཨ་རིའི་རོགས་ཚོགས་འདིས་འཛམ་གླིང་ནང་དབུལ་ཕོངས་དཀའ་ངལ་སེལ་ཐབས་དང་། མང་གཙོའི་སྒྲིག་འཛུགས་ཁག་ལ་རྒྱབ་སྐྱོར་གནང་ནས་སྒྲིག་འཛུགས་དེ་དག་སྲ་བརྟན་ཡོང་སླད་མཐུན་འགྱུར་རོགས་རམ་གནང་མུས་ཡིན་པ་མ་ཟད། ད་བར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དང་ཤེས་ཡོན་ལས་གཞིའི་ཐོག་མཐུན་འགྱུར་རོགས་རམ་གནང་མཁན་ཚོགས་པ་གཙོ་གྲས་ཤིག་ཀྱང་ཆགས་ཡོད།
གཞན་ཡང་མཛད་སྒོའི་སྐབས་རོགས་ཚོགས་ཀྱི་འཕྲོད་བསྟེན་འགན་འཛིན་སྐུ་ཞབས་ཛར་སེ་སིདྭ་ Xerses Sidhwa ལགས་དང་ལས་བྱེད་སྐུ་ཞབས་ཨར་ཝིན་ཀུ་མཱར་ལགས་ Arvind Kumar བཅས་ཀྱང་ཕེབས་འདུག་པ་བཅས།།